2023-02-07
སྤྱི་ཟླ2པའི་ཚེས5ཉིན། ལུགས་རྙིང་གི་ཟླ་དང་པོའི་ཚེས15ཉིན་རང་ཁུལ་སྡེ་དགེ་རྫོང་དང་ལེ་ཧྲན་གྲོང་ཁྱེར་ཅཱ་ཅང་རྫོང་གཉིས་ཀྱིས་མཉམ་འབྲེལ་ངང་ངོ་མཚར་ཆེ་ལ་སྤྲོ་སྣང་ལྡན་པའི་ཟླ་དང་པོའི་བཅོ་ལྔའི་དུས་ཆེན་ཏེ་ལྒང་ཞུ་དུས་ཆེན་གྱི་བྱེད་སྒོ་སྤེལ། བོད་དང་ཆའང་། དབྱིས་རིགས་བཅས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམ་སྟོན་གྱི་བྱེད་སྒོའི་རྣམ་པ་ཕུན་སུམ་ཚོགས་པོར་བཏང་།
ད་ཐེངས་ཀྱི་བྱེད་སྒོ་ནི་ཅཱ་ཅང་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། སྡེ་དགེ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན་ལ། བོད་དང་ཆའང་། དབྱིས་རིགས་བཅས་ཀྱི་རིག་གནས་རྒྱུན་འཛིན་བྱེད་རོགས་བྱས་ནས་མི་རིགས་རིག་གནས་ཐོན་ལས་སྐྱེད་སྲིང་བྱེད་པའི་མཉམ་འབྲེལ་ཞིག་ཀྱང་རེད།
དེ་རྗེས་ཅཱ་ཅང་གི་ལོ་གསར་རི་མོ་དང་སྡེ་དགེ་པར་ཁང་གི་པར་འདེབས་ལག་རྩལ་གཉིས་གཅིག་རྗེས་གཉིས་མཐུད་དུ་ཡུལ་དངོས་སུ་འགྲེམས་སྟོན་བྱས་པ་དེས་བྱེད་སྒོའི་ཡུལ་དངོས་སུ་ཚ་རླབས་ཤིག་འཕྱུར། དེ་དང་ཆབས་ཅིག་ཅཱ་ཅང་རྫོང་དང་སྡེ་དགེ་རྫོང་གཉིས་ཀྱིས་ཕན་ཚུན་ལ་གཟུགས་མེད་རིག་གནས་ཤུལ་བཞག་བརྩམས་ཆོས་ཕན་ཚུན་སྦྱིན་རེས་བྱས་ནས་ཕྱོགས་གཉིས་པོའི་རིག་གནས་སྤེལ་རེས་དང་མཉམ་འདྲེས་ཀྱི་མཛེས་སྡུག་ལྡན་པའི་ཕུགས་འདུན་ལ་སྔར་བས་ཤུགས་བསྣན་ཡོད་པ་རེད། བྱེད་སྒོའི་མཇུག་ཏུ་བོད་ཤོག་དང་། ས་རྫ། ལོ་གསར་རི་མོ། ཐང་ག་སོགས་གཟུགས་མེད་རིག་གནས་ཤུལ་བཞག་སྐོར་སྐྱོད་འགྲེམས་སྟོན་བྱས་པས་ཅཱ་ཅང་དང་སྡེ་དགེ་ས་གནས་གཉིས་ཀྱི་རིག་གནས་ཀྱི་ནང་དོན་ཟབ་མོ་སླར་ཡང་མངོན་ཡོད། གླེང་རིན་ཡོད་པ་ཞིག་ནི་ད་ཐེངས་ཀྱི་བྱེད་སྒོའི་ནང་གི་རྣམ་གྲངས་ཡོད་ཚད་ནི་ཅཱ་ཅང་རྫོང་དང་སྡེ་དགེ་རྫོང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་ལག་བསྟར་ཧུར་ཐག་བྱེད་པ་དང་། རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་ལས་དོན་ལ་ཤུགས་བསྣན་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་ལེན་དོན་འཁྱོལ་བྱེད་པ་དང་། ས་གནས་གཉིས་པོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་རང་ངོས་ཀྱི་རིག་གནས་ལེགས་ཆར་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་རྩ་བ་དང་བསམ་པའི་སྟོབས་ཤུགས་ཀྱི་བླ་སྲོག་བརྟན་དུ་གཏོང་བའི་འཚོལ་ཞིབ་ཅིག་ཀྱང་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ་བས་ཕུན་སུམ་ཚོགས་ལ་སྤྲོ་སྣང་ལྡན་པ་ཞིག་ཡོང་བར་བྱ་ཆེད། གཙོ་གཉེར་ཕྱོགས་ཀྱིས་འགྲེམས་སྟོན་དང་ཕྱིར་ཚོང་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་ཁྱོན་ཡོངས་ནས་བྱེད་སྒོའི་བརྗོད་བྱ་གཙོ་བོ་མངོན་གསལ་དོད་ཅིང་། དྲྭ་ཐོག་ཐད་གཏོང་གི་ལྟད་མོ་བ་དང་ཡུལ་དངོས་ཀྱི་ལྟད་མོ་བ་ལ་ཐེངས་འདིའི་བྱེད་སྒོའི་འཁྲབ་སྟོན་རེ་རེ་མིག་གི་ལོངས་སྤྱོད་དུ་བསྩལ་ཡོད་པ་རེད། གསར་འགོད་པ། རྣམ་སྲས་ལྷ་མོ། ལོ་ཙཱ་བ། ཨོ་རྒྱན། རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10