སྐུ་འབུམ་བྱམས་པ་གླིང་དུ་མེ་ཏོག་མཆོད་པ་ལྷེམ་མེར་བཞད།

    མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།    2023-02-07

    2023ལོའི་སྤྱི་ཟླ1པོའི་ཚེས5ཉིན་ཏེ་ལུགས་རྙིང་གི་རྒྱ་ལོའི་ཚེས15ཉིན། ཕྱོགས་བཅུའི་མཇལ་བ་དང་སྐུ་མགྲོན་ཆུ་བཞུར་བཞུར་མདོ་སྨད་ཀྱི་གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་ཕྱོགས་སུ་བསྟར་ནས་ལོ་གཅིག་ལ་ཐེངས་གཅིག་ལས་མཇལ་མི་ཐུབ་པའི་ངོ་མཚར་བའི་མར་རྒྱན་གྱི་མེ་ཏོག་མཆོད་པར་མཇལ་བར་བརྩམས་ཡོད།

སྐུ་འབུམ་བྱམས་པ་གླིང་དུ་མེ་ཏོག་མཆོད་པ་ལྷེམ་མེར་བཞད།

       མར་རྒྱན་མེ་ཏོག་གི་མཆོད་པ་འདི་ལ་ཡོངས་གྲགས་སུ་མེ་ཏོག་མཆོད་པ་ཞེས་འབོད་ཅིང་། བཤད་རྒྱུན་ལ1409ལོར་རྗེ་ཙོང་ཁ་བ་མཆོག་གིས་ལྷ་སའི་སྨོན་ལམ་ཆེན་པོ་གསར་འཛུགས་གནང་རྗེས་ཀྱི་མཚན་མོ་ཞིག་ལ། རྨི་ལམ་དུ་ས་གཞིའི་སྟེང་གི་རྩྭ་དང་རྩི་ཤིང་། རྡོ་དང་ཚེར་མ། ནགས་ཚལ་ལ་སོགས་ཐམས་ཅད་མེ་ཏོག་དང་སངས་རྒྱས་བྱང་སེམས་ཀྱི་སྐུ་གཟུགས་སུ་གྱུར་བ་ཞིག་རྨས་པའི་ཕྱི་ཉིན་འཁོར་རྣམས་ལ་མཚན་གྱི་རྨི་ལམ་དུ་བྱུང་བ་ཇི་བཞིན་གསོལ་མར་གྱིས་བཟོ་བར་བསྐུལ་ཏེ། བོད་ཟླ་དང་པོའི་ཚེས15ཡི་དགོང་མོར་ལྷ་ལྡན་གཙུག་ལག་ཁང་དུ་མཆོད་པ་འདི་འབུལ་བའི་སྲོལ་བཏོད། དེ་ནས་བཟུང་བོད་ཀྱི་དགོན་སྡེ་དག་ལ་མར་རྒྱན་མེ་ཏོག་གི་མཆོད་པ་འབུལ་བའི་སྲོལ་དར་པར་གྲགས།

སྐུ་འབུམ་བྱམས་པ་གླིང་དུ་མེ་ཏོག་མཆོད་པ་ལྷེམ་མེར་བཞད།

       དེ་ཡང་སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་ནི་སྤྱི་ལོ1594ལོར་ཟི་ན་བླ་མ་རྣམ་རྒྱལ་དཔལ་འབྱོར་རྒྱལ་མཚན་དང་རིན་ཆེན་ཁུ་དབོན་རྣམ་གཉིས་ཀྱིས་རྗེ་གསེར་སྡོང་ཆེན་མོའི་མདུན་གྱི་དགོན་ཁང་ཆེན་པོ་གསར་བཞེངས་ལེགས་འགྲུབ་ཀྱི་རབ་གནས་གནང་རྗེས། བོད་ཟླ་དང་པོའི་ཚེས་བཙོ་ལྔའི་དགོང་མོར་མེ་ཏོག་མཆོད་པ་འབུལ་བའི་སྲོལ་དེ་ཕྱེས་ཤིང་། དུས་དེ་ནས་བཟུང་སྐུ་འབུམ་བྱམས་པ་གླིང་གི་དགེ་འདུན་པ་ཚོས་ལོ་རེ་བཞིན་བོད་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་ཏེ་བཅུ་བའི་ལྔ་མཆོག་ནས་བཟུང་མེ་ཏོག་མཆོད་པ་ལས་མགོ་བརྩམས་ཏེ། ཕྱི་ལོའི་ཟླ་དང་པོའི་ཚེས་བཅོ་ལྔའི་བར་ཕལ་ཆེར་ཟླ་བ་གསུམ་ལྷག་རིང་ལ་གཙོ་སྐུ་རྗེ་ཙོང་ཁ་བ་དང་འཇམ་པའི་དབྱངས། སྤྱན་རས་གཟིགས་སོགས་ལོ་རེར་རེས་མོས་སུ་བཞེངས་པ་དང་། གཡས་གཡོན་དུ་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་དང་གྲུབ་ཐོབ་བརྒྱད་ཅུ། རྒྱན་དྲུག་མཆོག་གཉིས་ཀྱི་མཛད་རྣམ། བོད་ཀྱི་རྣམ་ཐར་ཆེན་པོ་བརྒྱད། རྒྱལ་བ་པཎ་ཆེན་གྱི་རྣམ་ཐར། དེ་མིན་རྒྱ་གར་དང་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དག་གི་རྟོགས་བརྗོད་སོགས་ལོ་རེར་རེས་མོས་བཞིན་དུ་བཞེངས་སྲོལ་ཡོད།

སྐུ་འབུམ་བྱམས་པ་གླིང་དུ་མེ་ཏོག་མཆོད་པ་ལྷེམ་མེར་བཞད།

སྐུ་འབུམ་བྱམས་པ་གླིང་དུ་མེ་ཏོག་མཆོད་པ་ལྷེམ་མེར་བཞད།

       དགུན་བཙག་རླུང་ཁྲོད་ན་ལྷེམ་མེར་བཞད་པའི་ངོ་མཚར་བའི་མེ་ཏོག་མཆོད་པ་འདི་ནི་རྗེ་སྐུ་འབུམ་བྱམས་པ་གླིང་གི་གྲགས་ཆེ་བའི་སྒྱུ་རྩལ་རྣམ་གསུམ་གྱི་ཡ་གྱལ་ཡིན་ཏེ། 2006ལོའི་ཟླ5ཚེས20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་བརྒྱུད་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་སྐོར་དང་པོའི་མིང་ཐོར་བཀོད།

སྐུ་འབུམ་བྱམས་པ་གླིང་དུ་མེ་ཏོག་མཆོད་པ་ལྷེམ་མེར་བཞད།


  • ལེ་ཚན་སྔོན་མ།:རང་རྒྱལ་གྱི་རང་བྱུང་ནགས་ཚལ་རྒྱ་ཁྱོན་མུའུ་དུང་ཕྱུར3.23ཆེ་རུ་ཕྱིན་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།