གསེར་རྟ་ཉི་ན་ཐང་འདམ་ར་རྒྱལ་སྤྱིའི་འདམ་ར་གཙོ་བོའི་གྲས་སུ་ཚུད།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-02-05

 སྤྱི་ཟླ2ཚེས2ཉིན། ཧང་ཀྲོའུ་རུ་གཉེར་བའི2023ལོའི་འཛམ་གླིང་གི་འདམ་ར་ཉིན་མོའི་ཀྲུང་གོའི་ཚོགས་ར་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོའི་ཐོག། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་རང་རྒྱལ་དུ་སླར་ཡང་རྒྱལ་སྤྱིའི་འདམ་ར་གཙོ་བོ་18གསར་དུ་བསྣན་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། སི་ཁྲོན་ཞིང་ཆེན་གསེར་རྟ་རྫོང་ཉི་ན་ཐང་འདམ་ར་དེ་རྒྱལ་སྤྱིའི་འདམ་ར་གཙོ་བོར་གཏན་འཁེལ་བྱས་ནས《རྒྱལ་སྤྱིའི་འདམ་ར་གཙོ་བོའི་མིང་གཞུང་》ནང་བཅུག་པས། སི་ཁྲོན་ཞིང་ཆེན་གྱི་མཛོད་དགེ་དང་ཁྲོམ་གཟའ་འགབ་མ་འདམ་རའི་རྗེས། སི་ཁྲོན་ཞིང་ཆེན་གྱི་རྒྱལ་སྤྱིའི་འདམ་ར་གཙོ་བོ་གསུམ་པ་དེར་གྱུར་ཡོད།


གསེར་རྟ་ཉི་ན་ཐང་འདམ་ར་རྒྱལ་སྤྱིའི་འདམ་ར་གཙོ་བོའི་གྲས་སུ་ཚུད།


       ཉི་ན་ཐང་འདམ་ར་དེ་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཚམས་སུ་གནས་པའི་དཀར་མཛེས་ཁུལ་གསེར་རྟ་རྫོང་དུ་གནས་པ་དང་། ས་མཐོའི་གཤོང་ཆེན་ས་དབྱིབས་ཀྱི་རིགས་སུ་གཏོགས་ཤིང་། གཤོང་ཆེན་གྱི་གཞོགས་གཉིས་རི་ཁུལ་ཡིན་པ་དང་གཤོང་སའི་རྒྱ་ཁྱོན་ཆེ་བས། ཉེ་འཁོར་རི་ཁུལ་གྱི་གངས་གསོག་ཐེབས་པ་དང་འཁྱགས་རོམ་བཞུར་བའི་ཤུགས་རྐྱེན་ཕོག་ནས་བལྟོས་བཅས་ཁ་ཟུམ་པའི་འདམ་རའི་ཁོར་ཡུག་ཅིག་ཆགས་ཡོད། དེ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ས་མཐོའི་སྐམ་སའི་དབུས་ཁུལ་འདམ་རའི་གྲས་ཤིག་ཡིན་པ་དང་། དེའི་ནང་འདམ་གཞོང་འདམ་ར་དང་། མཚེའུ་འདམ་ར། གཙང་པོའི་འདམ་ར་བཅས་འདམ་ར་རིགས3ཚུད་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་སྤྱི་ཆིང60760.04ཟིན་ཡོད། ས་ཁོངས་ནང་འདམ་སོལ་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། སྐྱེ་དངོས་ས་ཁམས་ས་ཁོངས་དང་ཐ་ན་ཨ་ཤེ་ཡའི་ཐཱན་འདུས་ནུས་པའི་ཁུལ་གལ་ཆེན་ཞིག་ཡིན་ཞིང་། གོ་ལ་ཧྲིལ་པོའི་ཐཱན་དོ་སྙོམས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

   ཉི་ན་ཐང་འདམ་རས་ཆ་ཚང་བའི་གདོད་མའི་མཐོ་གྲང་འདམ་རའི་འབྱུང་ཁམས་མ་ལག་སྲུང་འཛིན་ཐུབ་ཡོད་པ་དང་། དེ་ནི་ས་ཁོངས་ནང་གི་སྐྱེ་དངོས་སྣ་མང་རང་བཞིན་ཆེ་ཤོས་ལྡན་པའི་རྩྭ་སའི་འབྱུང་ཁམས་མ་ལག་གྲས་ཤིག་ཡིན་པས། ཁྲུང་ཁྲུང་སྐེ་ནག་དང་བཞད་ནག་སོགས་ཡུལ་སྤོས་རིགས་རྒྱུད་དང་རྩ་མེད་དུ་འགྲོ་ཉེན་ཡོད་པའི་སྐྱེ་དངོས་རིགས་ལ་འཚོ་སྡོད་དང་ལྟོ་ཟན་གྱི་འབྱུང་ཁུངས་དང་རྒྱུད་སྤེལ་ལ་དགོས་ངེས་ཀྱི་ཆ་རྐྱེན་འདོན་སྤྲོད་ཐུབ་ཡོད་པར་མ་ཟད། དེའི་དམིགས་བསལ་གྱི་ཆུ་ཁུངས་གསོ་སྐྱོང་ནུས་པས་མཚོ་བོད་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་འབྱུང་ཁམས་དོ་སྙོམས་རྒྱུན་འཁྱོངས་བྱ་རྒྱུར་ནུས་པ་གལ་ཆེན་ཐོན་བཞིན་ཡོད་པས། སྲུང་སྐྱོབ་ཀྱི་རིན་ཐང་ཧ་ཅང་གལ་ཆེན་ལྡན་ཡོད་པ་དང་། མཚོ་བོད་ས་མཐོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་ཁུངས་བདེ་འཇགས་སྲུང་སྐྱོང་དང་དམིགས་བསལ་གྱི་སྐྱེ་དངོས་ས་གཤིས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་རྒྱུར་རྒྱལ་སྤྱིའི་དོན་སྙིང་གལ་ཆེན་ལྡན་ཡོད།

   ཉི་ན་ཐང་འདམ་ར་དེ་སི་ཁྲོན་ཁྲོམ་གཟའ་འགབ་མ་རྒྱལ་སྤྱིའི་འདམ་ར་གཙོ་བོ་དང་ཐག་ཉེ་བས། ཐུན་མོང་ཐོག“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”གི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ནས། མཐོ་སྒང་རི་ཁུལ་གྱི་གངས་འཁྱགས་བཞུར་ཆུ་དང་ས་ངོས་ཀྱི་བཞུར་རྒྱུན་འབྲེལ་མཐུད་ཐུབ་ཡོད་པ་དང་། འབྲི་ཆུའི་འབབ་རྒྱུད་ཀྱི་རྒྱལ་མོ་རྔུལ་ཆུ་དང་ཉག་ཆུའི་འབབ་རྒྱུད་ཀྱི་དབུས་སྨད་རྒྱུད་དུ་ཆུ་མཁོ་འདོན་དང་འབྱུང་ཁམས་ཆུ་གསོག་པའི་ཆུ་དཔྱད་འབྱུང་ཁམས་ནུས་པ་འདོན་སྤེལ་ཐུབ་ཀྱི་ཡོད་ལ། ས་ངོས་ཀྱི་བསླད་སྐྱོན་ཚོད་འཛིན་ཡང་ཐུབ་ཀྱི་ཡོད་པས། སྨད་རྒྱུད་ཀྱི་ཆུ་མང་ཉུང་སྙོམས་སྒྲིག་དང་ཆུ་ལོག་གི་ཆུ་གསོག་སྙོམ་སྒྲིག་ནུས་པ་འདོན་སྤེལ་ཐུབ་ཀྱི་ཡོད་པ་རེད།


གསེར་རྟ་ཉི་ན་ཐང་འདམ་ར་རྒྱལ་སྤྱིའི་འདམ་ར་གཙོ་བོའི་གྲས་སུ་ཚུད།


   སི་ཁྲོན་གསེར་རྟ་ཉི་ན་ཐང་འདམ་ར་དེ་རྒྱལ་སྤྱིའི་འདམ་ར་གཙོ་བོར་གཏན་འཁེལ་བྱས་པ་དེས་རྒྱལ་ཁབ་དང་ཐ་ན་རྒྱལ་སྤྱིའི་འདམ་ར་སྲུང་སྐྱོབ་ཁྲོད་སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོའི་འདམ་རས་བཟུང་བའི་གནས་བབ་གལ་ཆེན་དང་འབྱུང་ཁམས་རིན་ཐང་མངོན་པར་མ་ཟད། སི་ཁྲོན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་སྣེ་ཁྲིད་དེ་འབྲི་ཆུའི་སྟོད་རྒྱུད་ཀྱི་འབྱུང་ཁམས་སྲུང་ཡོལ་འཛུགས་སྐྲུན་བྱེད་པའི་འགྱུར་མེད་ཀྱི་ཆོད་སེམས་དང་གྲུབ་འབྲས་རབ་དང་རིམ་པ་ཡང་མཚོན་ཡོད་ཅིང་། དེ་ནི་སི་ཁྲོན་གྱི་འདམ་ར་སྲུང་སྐྱོབ་ལས་དོན་ལ་ཚད་མཐོའི་ཁས་ལེན་དང་གཟེངས་བསྟོད་བྱས་པ་ཞིག་ཡིན།


  • ལེ་ཚན་སྔོན་མ།:སྐོར་བྲོ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་ནས་གནམ་ལོ་གསར་པ་བསུས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།