དུང་དཀར་ཚང་གི་ཡུལ་སྐད་དང་ཡིག་སྐད་སྐོར་གྱི་གསུང་རྩ་ཆེན་ཞིག།

    དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ།    2023-02-07

      དེང་སང་ང་ཚོར་རྒྱུན་དུ་ཁ་སྐད་དང་ཡིག་སྐད་ཟེར་བའི་ཐ་སྙད་ཅིག་ཤོད་སྲོལ་ཆགས་ཡོད། ཡིན་ནའང་། ཁ་སྐད་ཟེར་བའི་ཐ་སྙད་དེ་ནི་བར་སྐབས་ལོ་ཤས་རིང་བོད་ཀྱི་རིག་གནས་ལ་ཆ་རྒྱུས་མེད་མཁན་འགའ་རེས་གསར་དུ་བཟོས་པ་ཞིག་ཡིན་ཏེ། གནའི་བོད་ཡིག་གི་དཔེ་ཆའི་ནང་ས་གནས་སོ་སོའི་སྐད་ལ་ཡུལ་སྐད་ཟེར་བའི་མིང་བཏགས་ཡོད་ཅིང་། ས་གནས་ཁག་མང་པོར་ཁྱབ་ཅིང་མང་ཆེ་བས་ཐུན་མོང་དུ་གོ་ཐུབ་པའི་སྐད་ལ་ཕལ་སྐད་ཟེར་བའི་མིང་བཏགས་ཡོད། དེང་སང་གི་བཤད་སྲོལ་ལྟར་ཁ་སྐད་དང་ཡིག་སྐད་ཟེར་བའི་ཐ་སྙད་དེ་གཞིར་བཟུང་ནས་བཤད་ན། ཁ་སྐད་དང་ཡིག་སྐད་ཟེར་བ་ནི་བལྟོས་བཅས་ཤིག་ཡིན་པ་ལས་བལྟོས་མེད་ཀྱི་ཁ་སྐད་དང་ཡིག་སྐད་ཟེར་བ་ཞིག་མེད།   དེང་སང་ཁ་ནས་བཤད་རྒྱུན་ཡོད་པའི་སྐད་ལ་ཁ་སྐད་ཟེར་བ་དང་། ཁའི་བཤད་རྒྱུན་དང་མི་འདྲ་བར་ཡི་གེར་བྲིས་པའི་སྐད་ཆ་དེར་ཡིག་སྐད་ཟེར། དེ་ཡང་ས་གནས་འགའ་ཞིག་གི་ཡུལ་སྐད་དེ་ས་གནས་གཞན་ཞིག་ལ་ཡིག་སྐད་ཡིན་པ་དང༌། ས་གནས་འགའ་ཞིག་གི་ཡིག་སྐད་དེ་ས་གནས་གཞན་ཞིག་ལ་ཡུལ་སྐད་ཡིན་པ་དེ་འདྲ་རེད། དེར་བརྟེན་ཁ་སྐད་དང་ཡིག་སྐད་བར་གྱི་འགལ་བ་ནི་བལྟོས་བཅས་ཀྱི་འགལ་བ་ཡིན་པ་དང་། འགལ་བའི་ཕྱོགས་གཙོ་བོ་ནི་ཡུལ་སྐད་གཅིག་གྱུར་མེད་པ་འདིར་ཐུག་ཡོད་པར་མ་ཟད། གཅིག་གྱུར་མེད་པའི་ས་གནས་སོ་སོའི་ཡུལ་སྐད་དང་། ས་གནས་ཁག་མང་པོར་ཁྱབ་ཆེ་བའི་ཐུན་མོང་གི་སྐད་གཉིས་མཉམ་དུ་གནས་པའི་ཕྱོགས་གཉིས་ཀ་མཐོང་དགོས་པ་རེད།

      ཡུལ་སྐད་དང་ཡིག་སྐད་བར་གཅིག་གྱུར་མེད་པ་དེ་ཅི་འདྲ་བྱས་ནས་གཅིག་གྱུར་བྱེད་དགོས་པའི་སྐོར་ལ་བསམ་བློ་ཞིབ་ཕྲ་ཐེངས་མང་བཏང་བ་དང་། མར་ཁེ་སིས《ས་ཕྱོགས་དང་གོམས་སྐད》ཅེས་པའི་གསུང་རྩོམ་དུ་མི་རིགས་ཀྱི་སྐད་རྣམས་གཅིག་གྱུར་ཆགས་པའི་འགྲོ་ལམ་སྐོར་གསུང་དོན། ས་ཕྱོགས་ཀྱི་སྐད་རྣམས་གཅིག་ཏུ་གྱུར་ནས་མི་རིགས་ཀྱི་སྐད་ཐུན་མོང་བ་ཞིག་བྱུང་བ་ནི། དཔལ་འབྱོར་དང་ཆབ་སྲིད་གཅིག་ཏུ་གྱུར་པ་ལ་རག་ལས་ཡོད། ཅེས་གསུངས་པ་ལྟར། གསུང་དེས་མི་རིགས་ཤིག་གི་དཔལ་འབྱོར་དང་ཆབ་སྲིད་གཅིག་གྱུར་མ་བྱུང་གོང་མི་རིགས་དེའི་སྐད་གཅིག་གྱུར་ཡོང་ཐུབ་ཀྱི་མེད་པ་གསལ་པོར་གསུངས་པ་ནི་ཚན་རིག་དང་མཐུན་པའི་བཀའ་སློབ་རང་རེད། གང་ཡིན་ཟེར་ན། མིའི་རིགས་ཀྱི་སྐད་ཐོག་མར་བྱུང་བ་ནི་ཐོན་སྐྱེད་ངལ་རྩོལ་གྱི་བརྒྱུད་རིམ་ནང་ནས་བྱུང་བ་དང༌། བར་དུ་འཕེལ་རྒྱས་འགྲོ་བ་ཡང་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བའི་འཕེལ་རྒྱས་དང་བསྟུན་ནས་འཕེལ་རྒྱས་འགྲོ་བ་དང་། མཐར་གཅིག་གྱུར་ཆགས་པ་ཡང་སྐབས་དེའི་ཐོན་སྐྱེད་ནུས་ཤུགས་དང་དཔལ་འབྱོར་ཐད་གཅིག་གྱུར་ཆགས་པ་དང་བསྟུན་ནས་གཅིག་གྱུར་ཡོང་དགོས་པ་ཞིག་ཡིན་སྟབས།  མི་རིགས་ཁག་གི་སྐད་འཕེལ་རྒྱས་འགྲོ་བ་ནི་མི་རིགས་སོ་སོའི་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་རེད།
      བོད་ནི་དམངས་གཙོ་བཅོས་བསྒྱུར་མ་བྱས་སྔོན་གྱི་ལོ་སྟོང་ཕྲག་འགའི་རིང་ཐོན་སྐྱེད་རྒྱུ་ཆ་སྒེར་ལ་དབང་བའི་ལམ་ལུགས་ཡིན་པ་དང་། ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་བྱེད་སྟངས་ཧ་ཅང་རྗེས་ལུས་ཡིན་པའི་དབང་གིས། ཐོན་སྐྱེད་བྱེད་མཁན་མི་དང་མིའི་བར་གྱི་འབྲེལ་བ་དེ་ཡང་རྒྱ་ཧ་ཅང་ཆུང་ཆུང་ཞིག་ལས་མེད་པས་ན། རྒྱུན་དུ་ས་ཁུལ་ཁག་སོ་སོར་ཁ་གྲམ་ནས་སྡོད་པའི་དུས་ཡུན་རིང་བའི་དབང་གིས་ཕན་ཚུན་འབྲེལ་བ་བྱེད་དུས།རང་རང་སོ་སོའི་ས་གནས་དང་ཚོ་པ་སོ་སོའི་སྐད་དེ་སྤྱོད་པའི་དུས་ཡུན་རིང་ཞིང་། ས་ཁུལ་གཞན་དག་དང་ཚོ་པ་གཞན་དག་བར་ཕན་ཚུན་འབྲེལ་བ་བྱེད་དུས། ཐུན་མོང་དུ་གོ་ཐུབ་པའི་སྐད་དེ་སྤྱོད་ཀྱིན་ཡོད་ཀྱང་། དེའི་དུས་ཡུན་ཐུང་ཐུང་ལས་མེད་པ་རེད།
      ཚོ་པ་རྣམས་གཅིག་ཏུ་འདྲེས་ནས་གཅིག་གྱུར་གྱི་མི་རིགས་ཤིག་གྲུབ་ཐུབ་བམ་མི་ཐུབ་དེ་ཚོ་པ་ཁག་གི་ཐོན་སྐྱེད་ནུས་ཤུགས་དང་། ཐོན་སྐྱེད་འབྲེལ་བ། དཔལ་འབྱོར་འཕེལ་རྒྱས་བཅས་ལ་རག་ལས་ཡོད་པ་དང་། ཚོ་པ་ཁག་གི་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་བྱུང་བ་བརྒྱུད་དེ། ཞིང་ལས་དང་། འབྲོག་ལས། ལག་ཤེས་བཟོ་ལས་བཅས་གོང་འཕེལ་ཆེན་པོ་བྱུང་བ་དང་ཆབས་ཅིག་ཕན་ཚུན་དངོས་ཟོག་བརྗེ་རེས་དང་འགྲོ་འོང་གི་འབྲེལ་བ་སྔར་ལས་རྒྱ་ཆེ་རུ་ཕྱིན་ཏེ། མཐར་ཚོ་པ་རྣམས་གཅིག་ཏུ་འདྲེས་ནས་མི་རིགས་གཅིག་ཏུ་གྱུར་པ་དང་། སྐབས་དེར་ཕན་ཚུན་ཐུན་མོང་དུ་གོ་ཐུབ་པའི་སྐད་ཅིག་གྲུབ་པ་དེ་ནི་མི་རིགས་ཀྱི་སྐད་རེད། ཚོ་པ་ཁག་གཅིག་ཏུ་འདྲེས་ནས་མི་རིགས་གཅིག་གྱུར་ཞིག་གྲུབ་པ་དང་ཆབས་ཅིག་ཚོང་ལས་ཀྱི་འབྲེལ་བ་གོང་འཕེལ་ཕྱིན་པ་དེས། དུས་ཡུན་རིང་པོར་སྤྱོད་ཐུབ་པའི་ཡི་གེ་ཞིག་དགོས་མཁོ་ཆེ་རུ་སོང་བའི་རྗེས་སུ་གཞི་ནས་མི་རིགས་ཀྱི་ཡི་གེ་བྱུང་བ་རེད།
      ཡང་ཚོ་པ་རྣམས་གཅིག་ཏུ་འདྲེས་ནས་གཅིག་གྱུར་གྱི་མི་རིགས་ཤིག་གྲུབ་རྗེས། ད་དུང་མི་མང་ཆེ་བ་གྲོང་གསེབ་དང་འབྲོག་ཁུལ་གྱི་ས་གནས་སོ་སོར་སྔར་བཞིན་ཁ་གྲམ་ནས་སྡོད་པའི་དབང་གིས་རྒྱུན་དུ་རང་རང་སོ་སོའི་ཡུལ་སྐད་བཀོལ་ནས་སྐད་ཆ་ཤོད་ཀྱིན་ཡོད་པ་རེད། དེར་བརྟེན། ངའི་ངོས་འཛིན་ལྟར་ན། བོད་རིགས་ནི་ཚོ་པ་རྣམས་གཅིག་ཏུ་འདྲེས་ནས་གཅིག་གྱུར་བྱུང་ཟིན་པའི་མི་རིགས་ཤིག་ཡིན་པར་མ་ཟད། ས་གནས་ཕན་ཚུན་བར་འབྲེལ་བ་བྱེད་དུས་ཐུན་མོང་དུ་གོ་ཐུབ་པའི་ཕལ་སྐད་ཡོད་ལ།རྒྱུན་དུ་སྤྱོད་པའི་ས་གནས་སོ་སོའི་ཡུལ་སྐད་ཀྱང་ཡོད་པ་དེ་འདྲ་ཞིག་ཡིན་པར་བརྩི་གི་ཡོད། བློ་མཐུན་འགའ་ཞིག་གིས་ཚོ་པ་རྣམས་གཅིག་ཏུ་འདྲེས་ནས་མི་རིགས་ཤིག་ཏུ་གྱུར་ཟིན་རྗེས། ཐུན་མོང་དུ་གོ་ཐུབ་པའི་སྐད་མ་གཏོགས་ས་གནས་སོ་སོའི་ཡུལ་སྐད་མེད་པར་གྱུར་ཟིན་པ་རེད་ཟེར་བ་དང་། ཡང་སྐབས་དེར་ས་གནས་སོ་སོའི་ཡུལ་སྐད་ཡོད་པ་ཙམ་རྒྱུ་མཚན་དུ་བྱས་ནས། ཐུན་མོང་དུ་གོ་ཐུབ་པའི་ཕལ་སྐད་མེད་ཟེར་བ་དེ་གཉིས་ཀ་མི་རིགས་གཞན་དང་བོད་ཀྱི་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་རེད།ལྷག་པར་དུ་བོད་རིགས་ནི་གཅིག་གྱུར་གྱི་མི་རིགས་ཤིག་ཡིན་ཡང་། ད་ལྟ་ཐུན་མོང་དུ་གོ་ཐུབ་པའི་ཕལ་སྐད་མེད་ཟེར་བ་དེ་ནི་དེ་བས་ཀྱང་ཁུངས་མེད་རང་རེད།
      དེང་སང་རྒྱལ་སྤྱིའི་སྒྲ་རིག་པའི་མཁས་པ་ཚོས་བོད་སྐད་ལ་ཡུལ་སྐད་རིགས་མི་འདྲ་བ་ཁག་ལྔར་ཕྱོགས་སྡོམ་བྱས་ཡོད་པ་དང་། རྒྱལ་ནང་དུ་མི་རིགས་ཀྱི་སྐད་ཡིག་ཞིབ་འཇུག་གནང་མཁན་སྒྲ་རིག་པའི་མཁས་པ་ཚོས་བོད་སྐད་ནང་གི་ཡུལ་སྐད་དེ་རིགས་ཆེན་པོ་གསུམ(དབུས་གཙང་། ཁམས། ཨ་མདོ)དུ་ཕྱོགས་སྡོམ་གནང་ཡོད་པ་དེ་ནི་རིག་གནས་གསར་བརྗེ་ཆེན་པོའི་གོང་དུ་རང་རྒྱལ་གྱི་སྒྲ་རིག་པའི་མཁས་པ་ཚོས་ལོ་མང་རིང་གྲངས་ཉུང་མི་རིགས་ཀྱི་ཡུལ་སྐད་ལ་དངོས་སུ་ཞིབ་འཇུག་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་རེད། འོན་ཀྱང་གྲུབ་འབྲས་དེའི་མཐའ་མའི་མཇུག་བསྡོམས་སུ་གྲོང་ཁྱེར་ལྷ་སའི་སྐད་དེ་ཡུལ་སྐད་དང་ཡིག་སྐད་གཅིག་གྱུར་བྱ་རྒྱུར་གཞི་འཛིན་སའི་རྨང་གཞིའི་ཡུལ་སྐད་དུ་བཞག་ནས། དེ་རང་དར་སྤེལ་གཏོང་རྒྱུའི་ཨུ་ཚུགས་བྱེད་ཚེ་ཅུང་ཟད་ཐལ་དྲགས་པ་རེད་བསམ་གྱིན་འདུག། གང་ལགས་ཟེར་ན།བོད་སྐད་དེ་ཡུལ་སྐད་ཆེན་པོ་རིགས་གསུམ་དུ་བསྡུས་པའི་རྗེས་སུ་ད་དུང་གནའ་རབས་ཀྱི་རྩོམ་ཡིག་ཁག་ལ་ཞིབ་འཇུག་བྱས་ནས། ཡུལ་སྐད་ཆེན་པོ་རིགས་གསུམ་གྱི་ནང་ནས་གང་ཞིག་ང་ཚོས་དེང་སང་ངོས་འཛིན་བྱས་པའི་ཡིག་སྐད་དང་མཐུན་པོ་ཡོད་མེད་ཞིབ་འཇུག་བྱས་ཏེ། མཐུན་པོ་ཡོད་པ་རྣམས་ཡུལ་སྐད་དང་ཡིག་སྐད་གཅིག་གྱུར་བྱ་རྒྱུའི་གཞི་འཛིན་ས་བྱེད་དགོས་ཀྱི་རེད། ཁྱབ་ཆེ་ཆུང་གི་ཐོག་ནས་བཤད་ན། ད་དུང་གཙང་པའི་སྐད་དང་། ལྷོ་ཁའི་སྐད། ཁམས་སྐད། ཨ་མདོའི་སྐད་སོགས་ཀྱི་ནང་ནས་མང་པོ་ཞིག་ང་ཚོས་དེང་སང་ངོས་འཛིན་བྱས་པའི་ཡིག་སྐད་དང་ཏག་ཏག་མཐུན་པོ་ཡོད་པས། ལྷ་སའི་ཡུལ་སྐད་ལས་ཁྱབ་ཆེ་བ་རེད།
     ང་ཚོས་གཤམ་གསལ་གྱི་བོད་ཡིག་དཔེ་ཆ་དེ་ཚོར་བལྟས་ན། དུས་རབས་ཁ་ཤས་རིང་གི་བོད་ཡིག་དང་བོད་སྐད་ཀྱི་གནས་ཚུལ་གང་འདྲ་ཡིན་མིན་གསལ་པོར་ཤེས་ཐུབ་སྟེ། (༡)བཙན་པོ་སྲོང་བཙན་སྒམ་པོའི་སྐབས་ཐོན་མི་སམ་བྷོ་ཊས་བསྒྱུར་བའི་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་རྣམ་གྲངས་མི་འདྲ་བ་བཅུ་བདུན།(༢)བཙན་པོ་ཁྲི་སྲོང་ལྡེ་བཙན་ཡབ་སྲས་ཀྱི་དུས་སུ་བསྒྱུར་བའི་མངོན་པ་དང་། ཚད་མ། ཕར་ཕྱིན། དབུ་མ། འདུལ་བ། འཕྲིན་ཡིག་བཅས་ཀྱི་སྐོར། (༣)རྒྱལ་པོ་ཁྲི་རལ་པ་ཅན་གྱི་དུས་འགོས་ལོ་ཙཱ་བ་ཆོས་གྲུབ་ཀྱིས་བསྒྱུར་བའི《མདོ་མཛངས་བླུན》དང་། ཚད་མ། དབུ་མ།འདུལ་བ་བཅས་ཀྱི་སྐོར། (༤)དུས་རབས་བཅུ་གཅིག་པའི་དཀྱིལ་དུ་ཨ་ཏི་ཤའི་སློབ་མ་འབྲོམ་སྟོན་པས་བརྩམས་པའི《ཨ་ཏི་ཤའི་རྣམ་ཐར་བླ་མའི་ཡོན་ཏན་ཆོས་ཀྱི་འབྱུང་གནས།》(༥)དུས་རབས་བཅུ་གཉིས་པའི་འགོར་བཀའ་གདམས་པའི་དགེ་བཤེས་པོ་ཏོ་བས་འཕན་པོའི་སྐད་ཀྱིས་བརྩམས་པའི《བེའུ་བུམ་སྔོན་པོ》དང 《དཔེ་ཆོས་རིན་ཆེན་སྤུངས་པ》དང་དེའི་འགྲེལ་པ། (༦) དུས་རབས་བཅོ་ལྔ་པའི་མཇུག་ཏུ། གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན་གྱིས་སྟོད་མངའ་རིས་པའི་སྐད་དུ་བརྩམས་པའི《མི་ལ་རས་པའི་རྣམ་ཐར》(༧) དུས་རབས་བཅུ་དགུ་པའི་འགོར།   བླ་བྲང་བཀྲ་ཤིས་འཁྱིལ་གྱི་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་ཨ་མདོའི་སྐད་ཀྱིས་བརྩམས་པའི《གོ་བདེ་བའི་ཕལ་སྐད་ཟབ་ཆོས)》དང《ཟློས་གར་གྱི་བསྟན་བཅོས》བཅས་ལ་གཟིགས་ཐུབ་ཚེ། ཆོས་སྐད་དང་ཡུལ་སྐད་ཁག་གཅིག་འགྲེལ་བཤད་མ་བྱས་ན་གོ་ཐུབ་ཀྱི་མེད་པ་ཕུད། དེ་མིན་འཚོ་བའི་ནང་གི་སྐད་ཆ་མང་ཆེ་བ་གོ་ཐུབ་ཀྱི་ཡོད་པ་དེའི་ཐོག་ནས་བོད་སྐད་ལ་ས་གནས་སོ་སོའི་ཡུལ་སྐད་དང་། ཐུན་མོང་དུ་གོ་ཐུབ་པའི་ཕལ་སྐད་གཉིས་ཀ་ཡོད་པ་གསལ་བར་མཐོང་ཐུབ། དེ་མིན་ད་དུང་གནའ་རབས་ཀྱི་བོད་ཡིག་ཁག་མང་པོ་ཞིག་ལ་ཞིབ་འཇུག་བྱེད་དུས། ཡུལ་སྐད་དུ་གཅིག་གྱུར་མེད་པ་མ་གཏོགས་རྩ་བའི་བརྡ་སྤྲོད་རིག་པ་དང་། རྩ་བའི་ཐ་སྙད་མང་ཆེ་བ་གཅིག་གྱུར་ཡིན་པ་དང་། ལྷག་པར་དུ་དུས་རབས་བཅོ་ལྔ་པའི་མགོར་ཏ་མིང་གོང་མ་ཡུང་ལོ་རྒྱལ་པོས་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་བརྒྱུད་ནས་རྗེ་ཙོང་ཁ་པ་དང་། ཀརྨ་པ། ས་སྐྱ་བ་བཅས་ལ་ནན་ཅིན་དུ་པར་སྐྲུན་བྱས་པའི་བོད་ཡིག་གི་བཀའ་འགྱུར་ཆ་ཚང་རེ་བསྐུར་བ་དེས། བོད་ཀྱི་མཁས་པ་མང་པོའི་མཐོང་རྒྱ་ཆེ་རུ་ཕྱིན་ནས། བོད་ཡིག་གི་ཆོས་དཔེ་ཁག་རྣམས་ཤིང་པར་དུ་ཐོག་མར་བརྐོས་པ་དེ་ནས་བོད་ལ་པར་སྐྲུན་གྱི་ལག་རྩལ་དར་འགོ་ཚུགས་པ་དང་། དེ་དང་ཆབས་ཅིག་བོད་ཡིག་གི་ཡིག་གཟུགས་དང་དག་ཆ་ཡང་སྔར་ལས་གཅིག་གྱུར་ཆེ་རུ་སོང་བར་མ་ཟད། རྩོམ་པ་པོའི་རྩོམ་ཡིག་ནང་གི་ཡུལ་སྐད་ཀྱང་གཅིག་གྱུར་ཆེ་རུ་ཕྱིན་ཡོད་པ་རེད།
     གོང་གསལ་གྱི་གནས་ཚུལ་དེའི་ཐོག་ནས་བོད་ཡིག་པར་སྐྲུན་ལས་རིགས་ཀྱིས་སྐད་ཡིག་གཅིག་གྱུར་བྱ་བའི་ཐད་ལ་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད་པ་མཐོང་ཐུབ། གལ་ཏེ་ཁ་སྐད་དང་ཡིག་སྐད་བར་གྱི་འགལ་བ་གཙོ་བོ་དེ་ཡིག་སྐད་དང་ཡི་གེའི་དག་ཆའི་ཐད་ལ་བཞག་ནས། སྔར་ཡོད་སུམ་རྟགས་ཀྱི་འགྲོ་ལུགས་རྣམས་མེད་པ་བཟོ་བ་དང་། ཡི་གེའི་དག་ཆ་དེ་ལྷ་སའི་ཁ་སྐད་རྐྱང་པའི་ཐོག་ལ་བསྒྱུར་རྒྱུའི་ཨུ་ཚུགས་བྱས་པ་ཡིན་ན། ཡུལ་སྐད་དང་ཡི་གེ་གཅིག་གྱུར་བཟོ་ཐུབ་རྒྱུ་ཕར་ཞོག གསར་བཟོས་ཡི་གེའི་དག་ཆ་དེ་དང་ས་གནས་གཞན་དག་གི་ཡུལ་སྐད་བར་ཁ་བྲལ་ཆེ་རུ་འགྲོ་གི་རེད། གང་ལགས་ཟེར་ན། བོད་རིགས་ནི་ལྷ་ས་གྲོང་ཁྱེར་གཅིག་པུའི་བོད་རིགས་ཙམ་མིན་པར། གཙང་དང་། ལྷོ་ཁ། དྭགས་ཀོང་། ཁམས་ཁུལ། མཚོ་སྔོན། རྒྱལ་མོ་ཚ་བ་རོང་། ཡུན་ནན་བདེ་ཆེན་བཅས་ལ་ཁ་གྲམ་ནས་སྡོད་པའི་བོད་རིགས་མང་པོ་ཡོད་པ་དང་། དེ་རྣམས་ཀྱིས་སྤྱོད་པའི་བོད་ཡིག་ནི་གཅིག་མ་གཏོགས་ས་གནས་རེ་རེ་ལ་བོད་ཡིག་རེ་མེད་པ་རེད།གལ་ཏེ་ལྷ་སའི་སྐད་དང་མཐུན་པའི་བོད་ཡིག་གཅིག་བཟོས་ན། ས་གནས་གཞན་དག་གིས་དེ་གོ་མི་ཐུབ་པས། ཁོ་ཚོས་ཀྱང་སོ་སོའི་སྐད་དང་མཐུན་པའི་བོད་ཡིག་གསར་པ་ཞིག་བཟོ་དགོས་པ་ཡོང་། དེ་འདྲ་བྱས་ཏེ་བོད་རིགས་ས་ཁུལ་ཚང་མས་སོ་སོའི་ཡུལ་སྐད་དང་མཐུན་པའི་བོད་ཡིག་གསར་པ་རེ་བཟོས་པ་ཡིན་ན། གཅིག་གྱུར་གྱི་རྨང་གཞི་ལེགས་པོ་ཡོད་པའི་བོད་མི་རིགས་ཀྱི་ཡི་གེ་དེ་ཁ་བྲལ་དུ་འགྲོ་གི་མ་རེད་དམ། བོད་རིགས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་གི་གཅིག་གྱུར་ཆགས་ཟིན་པའི་གྲངས་ཉུང་མི་རིགས་ཤིག་ཡིན་པ་དང་། བོད་ཡིག་ནི་ཀྲུང་གོའི་མི་རིགས་ཁག་གི་ཡི་གེའི་ནང་གི་གཅིག་གྱུར་ཆགས་ཟིན་པའི་མི་རིགས་ཀྱི་ཡི་གེ་ཞིག་ཡིན་ལ། གཅིག་གྱུར་གྱི་ཡི་གེ་ཁ་བྲལ་དུ་གཏོང་བའི་བཅོས་བསྒྱུར་དེ་འདྲ་ལ་སུས་ཀྱང་དགའ་བསུ་ཞུ་གི་མ་རེད།


  • ལེ་ཚན་སྔོན་མ།:ཨ་ཆུང་ཞལ་འབག་བཟོ་རྩལ་ལ་དཔྱད་པའི་གཏམ་ཐོར་བུ་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།