ཇོ་རུ་མ་བུ་རྫ་ཆུའི་ཆུ་རྒྱུད་དུ་ཡུན་རིང་བཞུགས་པའི་ལོ་རྒྱུས།

པདྨ་ནོར་བུས་བྲིས།        2022-01-19

ཇོ་རུ་མ་བུ་རྫ་ཆུའི་ཆུ་རྒྱུད་དུ་ཡུན་རིང་བཞུགས་པའི་ལོ་རྒྱུས།

     དལ་འབབ་རྫ་ཆུ་སྔོན་མོས་གེ་སར་རྨ་ཡུལ་དུ་སོང་བའི་གླིང་སྒྲུང་གི་ལོ་རྒྱུས་ཤིག་ཁྱེར་ནས་མཐའ་ཡས་རྒྱ་མཚོའི་ནང་དུ་འབབ་ཀྱིན་ཡོད།  ཇོ་རུ་མ་བུ་ལྕི་སོས་ཡག་གི་ཁ་མདོ་ཞེས་པ་དེང་གི་ཨ་ཕྱུག་རྩྭ་ཐང་དུ་ལོ་ལྔ་ཙམ་བཞུགས་རྗེས།  དེང་དུས་སྟག་དགོན་ཤང་གི་རྒྱབ་ཕྱོགས་སུ་ཡོད་པའི་སྦྲུལ་མགོའི་འདབ་ཏུ་ལོ་གཅིག་དང་ཕྱེད་ཙམ་བཞུགས་པའི་ལོ་རྒྱུས་འཁྲུངས་གླིང་ནང་འཁོད་འདུག  གྲོ་མ་མངར་ས་སྦྲུལ་མགོའི་འདབས་སུ་འགྲོ་བའི་ལམ་བར་དུ་འཁྲུངས་གླིང་ནང་གསལ་བའི་བྱིས་ཆུང་མིད་པའི་འཕྲང་ལམ་སོགས་ཡོད་ཀྱང་། དེང་དུས་གཞུང་ལམ་ཤར་གཏོང་བྱས་ནས་འཕྲང་ལམ་དེ་གཞུང་ལམ་དུ་བསྒྱུར་འདུག གཞུང་ལམ་དེད་ནས་ཡར་ཙམ་སོང་དུས་དར་འབབ་རྫ་ཆུ་སྔོན་མོ་དལ་མགྱོགས་རན་པར་འབབ་པའི་ཉིན་ངོས་དེར་དགོན་སྡེ་ཞིག་ཡོད་པ་དེ་ནི་ཀ་ཐོགཿདགོན་ཞེས་ཟེར།   ཀ་ཐོགཿདགོན་པ་ནི་དེང་གི་སྟག་དགོན་ཤང་གི་ཁོངས་སུ་གཏོགས་ལ།  དགོན་པའི་རྒྱབ་རིའི་མཐོ་ལ་རྔམ་བརྗིད་ལྡན་པའི་རི་ངོས་སུ་ལྗོན་ཤིང་དང་མེ་ཏོག་གི་མགུལ་རྒྱན་སྤྲས་པ་འདྲ་བའི་ཆོས་ལུང་ཕྱུག་མོའི་མདོ་གདོང་ཞེས་པ་དེ་རུ་བྲག་རྡོའི་རི་དེའུ་ཆེ་ཆུང་ཕྱོགས་འདྲ་མང་པོ་ཞིག་ནི་རྡོ་མཆོད་སྤུངས་པ་ལྟ་བུ་ངོ་མཚར་ཆེ་ལ་མུ་ཏིག་སྟར་ལ་བརྒྱུས་པ་ལྟ་བུའི་ཕྲེང་བསྒྲིགས་ནས་ཡོད་འདུག  དེ་ནི་གླིང་གི་དཔའ་ཐུལ་སུམ་ཅུའི་བླ་རི་ཡིན་ཟེར་བ་དང་། དེ་ནས་རྫ་ཆུའི་ཆུ་འགྲམ་དེད་ནས་ཡར་ཙམ་སོང་བས་ཆུ་འགྲམ་དེར་གྲོང་སྡེ་ཆུང་ཆུང་ཞིག་ཡོད་པ་མཐོང་།  དེ་ནི་གནའ་དུས་སྦྲུལ་མགོའི་འདབས་ལ་དེང་དུས་སྟག་དགོན་ཤང་ཞེས་མིང་བཏགས་འདུག  སྦྲུལ་མགོའི་འདབས་ནས་བློན་འདན་མས་བུ་ཇོ་རུ་ལ་གླུ་བླངས་པ་ལས། ས་འདི་ས་ངོ་མ་ཤེས་ན།།  ཆུ་རྫ་ཀླུང་འབབ་པའི་གཡས་ཟུར་ལ།།  རི་སྦྲུལ་མགོ་འདྲ་བའི་གཡོན་ཟུར་དུ།། ཞེས་ཆུ་བོ་ཆེན་པོ་རྫ་ཆུའི་ཉེ་འགྲམ་དུ་ཇོ་རུ་མ་བུ་ཡུན་རིང་དུ་བཞུགས་མྱོང་བ་མ་ཚད། གོ་མཛོད་གཡུ་རྩེའི་མདུན་དུ་སྟག་རོང་གི་རྔོན་པ་མི་བདུན་བོར་ནས་ཇོ་རུ་ལ་རྔོན་པ་མི་བདུན་བསད་པའི་ངན་ཁག་ཕོག་ས་དེའང་རྫ་ཆུ་སྔོན་མོའི་ཕ་རོལ། དེང་དུས་ཡ་དེང་ཤང་གི་ས་གནས།   སྟག་དགོན་ཤང་ཀཿཐོག་དགོན་གྱི་མདུན་ཐད་དུ་ཡོད་པའི་གོ་ཚང་གཡུ་རྩེའམ་གོ་མཛོད་གཡུ་རྩེ་རུ་འབོད་པའི་རི་བོ་རྫིག་ངམ་ཆེ་ལ་རྔམ་བརྗིད་ལྡན་པའི་ནགས་ཚལ་སྟུག་པོའི་ལྭ་བ་གྱོན་པའི་གཞི་བདག་བཙན་པོ་དེ་ཡིན་པ་རེད་ཟེར།  གཞི་བདག་འདིའི་མིང་ནི་འཁྲུངས་གླིང་སོགས་ནས་ཡང་དང་བསྐྱར་དུ་མཐོང་ཐུབ་པ་ཞིག་ཡིན་པ་མ་ཚད།  གླིང་གི་ཡུལ་ལྷ་དང་གཞི་བདག་རྩལ་ཆེན་ཞིག་ཀྱང་ཡིན།

ཇོ་རུ་མ་བུ་རྫ་ཆུའི་ཆུ་རྒྱུད་དུ་ཡུན་རིང་བཞུགས་པའི་ལོ་རྒྱུས།
ས་དྲོད་ཁུངས་བྲོ་མ་མངར་ས་སྦྲུལ་མགོའི་འདབས།

ཇོ་རུ་མ་བུ་རྫ་ཆུའི་ཆུ་རྒྱུད་དུ་ཡུན་རིང་བཞུགས་པའི་ལོ་རྒྱུས།
གླིང་གི་ཟོ་དོར་གོ་ཚང་གཡུ་རྩེའམ་གོ་མཛོད་གཡུ་རྩེ།

ཇོ་རུ་མ་བུ་རྫ་ཆུའི་ཆུ་རྒྱུད་དུ་ཡུན་རིང་བཞུགས་པའི་ལོ་རྒྱུས།
ལྕི་ཕུ་བྲག་ནག་ལུང་མདོ།

    འཁྲུངས་གླིང་ནང་འཁོད་པ་ལྟར་དགུང་ལོ་ལྔ་ལ་མ་ཕྱིན་པར་འགྲོ་དོན་མཛད་ཟེར་བ་དང་། དགུང་ལོ་ལྔ་ཡི་བར་དུ་ཁྲོ་ཐུང་གིས་མི་ཐུབ་པ་ཤེས་ཏེ་བཞག་ཟེར་བ་སོགས་ལ་གཞིགས་ན།  ཇོ་རུ་དེང་གི་ཨ་ཕྱུག་རྩྭ་ཐང་དུ་སྐུ་འཁྲུངས་པ་ནས་དགུང་ལོ་ལྔ་བར་ཨ་ཕྱུག་དང་། ཝ་ཤུལ། ཡ་དེང་སོགས་སུ་བཞུགས་ཡོད་པར་སྒྲུང་ཡིག་ནང་ཁ་གསལ་འཁོད་ཡོད།   སྐབས་དེར་ཨ་ཕྱུག་དང་ཝ་ཤུལ། ཡ་དེང་ཞེས་པའི་ས་མིང་དེ་དག་སྒྲུང་ཡིག་ནང་འཁོད་མེད་ཀྱང་།   སྐྱིད་སོས་ཡག་གི་ཁ་མདོ་ཟེར་བ་དང་། རྫ་འབྲི་ཆུ་ཡི་བར་ཁམས་སུ།།  མདོ་ཁམས་ས་ཡི་ལྟེ་བ་ལ་ཟེར་བ་དང་།  རྫ་འབྲིའི་བར་ཁམས་དང་། རྫ་འབྲི་གཉིས་ཟེར་བ་དང་། ལྕི་སྟོད་དང་། ལྕི་ཁོག  ལྕི་སྨད་ཟེར་བ་སོགས་འཁོད་འདུག  དེང་གི་སྟག་དགོན་ཤང་ལ་འཁྲུངས་གླིང་ནང་སྦྲུལ་མགོའི་འདབས་ཞེས་འཁོད་ཡོད།  ཇོ་རུ་སྦྲུལ་མགོའི་འདབས་ཞེས་པའི་ས་དེར་འགྲོ་སྐབས་རྫ་ཆུའི་ཕ་རི་ན་སྲིན་མོ་བུ་ཟན་ཟེར་བ་ཞིག་ཡོད་པ་དེ་འདུལ་བར་དགོངས་པ་དང་།   རྔོན་པ་མི་བདུན་ཟོས་པར། མིའི་གོ་མཚོན་དང་། རྟ་མགོ་རྣམས་ངོ་ཤེས་པ་སྦྲུལ་མགོའི་འདབས་ལ་ཡོད་ཟེར་བ་སོགས་ས་ཆུའི་མིང་ཧ་ཅང་ཁ་གསལ་ཅན་མང་པོ་འཁོད་ཡོད།  ལྷག་པར་དུ་ཇོ་རུ་མ་བུ་སྦྲུལ་མགོའི་འདབས་སུ་བཞུགས་ཡོད་དུས།  འདན་མས་གླུ་བླངས་པ་ལས། ཆུ་རྫ་ཀླུང་འབབ་པའི་གཡས་ཟུར་ལ།། རི་སྦྲུལ་མགོ་འདྲ་བའི་གཡོན་ཟུར་དུ་ཟེར་བ་སོགས་རྫ་ཆུའི་ཆུ་རྒྱུད་དུ་སྦྲུལ་མགོའི་འདབས་ཟེར་བ་ཞིག་ཡོད་པ་ཁ་གསལ་ཅན་འདི་འདྲ་ལྷ་སྒྲུང་ཕར་ཞོག  ལོ་རྒྱུས་ཡིག་ཚོགས་ཁག་ནས་ཀྱང་མཐོང་དཀོན་པོ་ཞིག་མིན་ནམ།   ཡང་རྨ་ས་བཟུང་དར་དཀར་མདུད་པའི་ནང་འཁོད་པ་ལྟར།  ལོ་ཕྱེད་གཉིས་ཙམ་སྦྲུལ་མགོ་འདབས་ལ་བཞུགས་ཞེས་པས་ལོ་དྲུག་དང་ཕྱེད་བར་ཨ་ཕྱུག་དང་། ཡ་དེང་། སྟག་དགོན། ཝ་ཤུལ་སོགས་སུ་བཞུགས་ཡོད་པ་གསལ་བོ་བཤད་འདུག   དེ་ནས་འགོག་མོ་མ་བུ་ལྕི་ཕུ་རྒྱུད་དེ།། སྐྱ་ལོའི་མཚེར་ས་གོང་མ་ན།། སྐྱ་ལོ་བསྟན་པ་རྒྱལ་མཚན་གྱི་རུ་སྟེང་དུ་ཕེབས།། སེང་ལྕམ་འབྲུག་མོའི་སྒོ་གསུམ་དབང་དུ་བསྡུས་ཞེས་པ་དང་།  ཁ་སང་སྟག་རོང་གི་མངོན་པ་མི་བདུན་བོར་སོང་བར། ཡང་འཛོམས་རྒྱ་རྗེའི་ལ་ཁ་ནས་ཇོ་རུས་ཁྲིད་འགྲོ་བ་སྐྱ་ལོ་སེང་ལྕམ་འབྲུག་མོ་དང་། གོ་ཆོད་གཡོག་པོ་དཔའ་རྒྱལ་གཉིས་ཀྱིས་མཐོང་ཟེར་བ་དང་།  ཇོ་རུ་མ་བུ་རྒྱང་ཕུད་གཏོང་དུས་ལྕི་སྟོད་ཡོངས་འཛོམས་ལ་ཉི་མ་ཤར་ཡག་ནས་འགྲོ་དུས་སྐྱ་ལོ་བསྟན་པ་རྒྱལ་མཚན་ནས་ཅི་དགོས་ཀྱི་འབུལ་བ་འབུལ་ཞུས་པ་དང་།  ཟླ་བ་གཅིག་དང་ཞག་ཉི་ཤུ་སྐོར་བཞུགས་མཛད་ཚུལ་སོགས་ལ་གཞིགས་ན། སྐབས་དེར་སྐྱ་ལོ་ཚང་གི་མཚེར་ས་ལྕི་ཕུ་ཡིན་པ་གསལ་པོར་ཤེས་ཐུབ།འཁྲུངས་གླིང་མེ་ཏོག་རྭ་བའི་ནང་གསལ་བ་ལྟར། ལོ་བདུན་ལོ་ངོ་ལོན་པ་ན།། རྨ་ཡུལ་དུ་འགྲོ་དགོས་པའི་ལུང་བསྟན་གནང་བ་བཞིན་ཁོང་དགུང་ལོ་བདུན་ལ་མ་སླེབས་ཙམ་དུ་ས་རྨ་ཡུལ་དུ་འགྲོ་བའི་ལོ་རྒྱུས་འདི་ནི་ལྷ་སྒྲུང་ཙམ་མ་ཡིན་པར་དངོས་ཡོད་ལོ་རྒྱུས་དག་དང་ཧ་ཅང་མཐུན་པོ་འདུག

ཇོ་རུ་མ་བུ་རྫ་ཆུའི་ཆུ་རྒྱུད་དུ་ཡུན་རིང་བཞུགས་པའི་ལོ་རྒྱུས།
ཨ་མྱེའི་མཐུ་ཡིག་མེར་བསྲེགས་སའི་བྲག་ཕུག།

ཇོ་རུ་མ་བུ་རྫ་ཆུའི་ཆུ་རྒྱུད་དུ་ཡུན་རིང་བཞུགས་པའི་ལོ་རྒྱུས།
ཨ་མྱེའི་གཏོར་གཞུང་འཕེན་སའི་གཏོར་གཞུང་ཐང་།

     ལྕི་ཁོག་ལུང་པ་ནི་ས་སྐྱིད་སོ་ཡག་གི་མཁའ་མདོ་ཞེས་སྐྱིད་ཁོག་དང་། སོས་ཁོག  ཡག་ཁོག་གསུམ་ཡོད་པའི་སྐྱིད་ཁོག་ལུང་པའི་མིང་ཡིན་ལ།  སྐྱིད་ཁོག་ལུང་པའི་འདབས་སུ་ཕུ་བོ་རྒྱ་ཚ་དང་། ནུ་བོ་ཇོ་རུ་གཉིས་ཀ་འཁྲུངས་སའི་ས་གནས་ཡིན།  ཁོང་བུ་སྤུན་གཉིས་པོ་སྐྱིད་འདབས་སུ་འཁྲུངས་པ་ནས།  སྐྱིད་ཁོག་ལུང་པ་ཞེས་ས་གནས་གཞན་དང་མི་འདྲ་བའི་ལོ་རྒྱུས་རིན་ཐང་ལྡན་པའི་ས་མིང་བྱེ་བྲག་པ་ཞིག་ཏུ་ཆགས་པ་རེད། ས་མིང་འདི་ལ་ལྕི་ཁོག་དང་སྐྱིད་ཁོག་ཅེས་ཡི་གེ་འབྲི་སྲོལ་མི་འདྲ་བ་གཉིས་འདུག་ཀྱང་དེང་སང་མང་ཆེ་བས་ལྕི་ཁོག་ཞེས་འབྲི་སྲོལ་མང་།

    ལྕི་ཁོག་ལུང་པ་ལ་ལྕི་སྟོད་དང་ལྕི་ཁོག་ལྕི་སྨད་གསུམ་ཡོད་ལ།  ལྕི་སྟོད་ཝ་ཤུལ་ཤང་ཞེས་དེང་དུས་སེར་ཤུལ་རྫོང་གི་མངའ་ཁོངས་དང་། ལྕི་སྨད་ཨ་ཕྱུག་གྲོང་རྡལ་ནི་དེང་གི་སྡེ་དགེ་རྫོང་གི་ཁོངས་སུ་གཏོགས་པ་ཞིག་རེད་འདུག  ལྕི་སྟོད་ཝ་ཤུལ་དུ་ལྕི་ཡོངས་འཛོམད་ཉི་མ་ཤར་ཡག་དང་། ལྕི་ཕུ་བྲག་ནག་ལུང་མདོའི་ཨ་མྱེ་སྒམ་པ་ར་ཛའི་སྒྲུབ་ཕུག་སོགས་ཡོད་ལ། ཟླ་ལུང་ཆུ་བོའི་འབབས་ཡུལ་ལ་ལྕི་སྟོད་དང་ལྕི་ཕུ་ཟེར་ཞིང་།  ལྕི་ཆུ་འབབ་པའི་ལྕི་ཁོག་ནི་ལྕི་ཉིན་སྲིབ་ཀྱི་ལུང་པ་བཅུ་གསུམ་གྱི་རི་སྣ་ཆུ་འདབས་ཐམས་ཅད་དང་།  ཟོ་དོར་ལྕི་སྟག་རི་ཅེས་གེ་སར་འགྲོ་ཕྱོགས་སུ་ཁ་འཁོར་ཟེར་བ་ནི་ལྕི་ཁོག་ལུང་པ་རེད་འདུག  ལྕི་ཁོག་ནས་ཟླ་ལུང་ཐང་གི་བར་གྱི་རི་སྣ་དང་ཆུ་འདབས་ཐམས་བཅད་ལྕི་ཆུ་འབབ་པའི་ཕྱོགས་ཀྱི་ཐུར་དུ་མ་འཁོར་བར།  ཟླ་ལུང་ཐང་གི་ཕྱོགས་སུ་ཁ་ཡར་འཁོར་ཡོད་པ་འདི་ནི་བཤད་ན་མི་ཤེས་པའི་རྟེན་འབྲེལ་གྱི་ཆོས་ཉིད་ཞིག་ཀྱང་ཅི་ལ་མིན། འཁྲུངས་གླིང་ནང་འཁོད་པ་ལྟ་བུའི་ལྕི་ཉིན་སྲིབ་ཀྱི་རི་ཆུ་དང་། ཟོ་དོར་ལྕི་རྒྱལ་སྟག་རི་བཅས་ནི་སྐྱེས་མ་བྱིས་པའི་རྣམ་པ་ཞིག་གི་ཚུལ་དུ་གནས་འདུག  ལྕི་ཁོག་ལུང་པའི་སྟག་རིས་ཤེལ་ཞེས་པའི་ལུང་པ་དེའི་འདབསས་སུ་འདུ་ར་སྟག་ཐང་ཁྲ་མོ་ཞེས་པའི་ཐང་མེ་ལོང་འདྲ་བ་ཞིག་འདུག  དབྱར་དུས་སྦྲ་ནག་གི་མཚེར་ས་དང་། དགུན་དུས་ནོར་ནག་གི་ལྷས་ར་ཡིན། 

ཇོ་རུ་མ་བུ་རྫ་ཆུའི་ཆུ་རྒྱུད་དུ་ཡུན་རིང་བཞུགས་པའི་ལོ་རྒྱུས།
ཨ་མྱེས་མོ་བཏབ་སའི་མོ་ལེགས་ཐང་དཀར་མ།

ཇོ་རུ་མ་བུ་རྫ་ཆུའི་ཆུ་རྒྱུད་དུ་ཡུན་རིང་བཞུགས་པའི་ལོ་རྒྱུས།
ཇོ་རུ་ཉེ་སར་ཡོད་པའི་རབ་ཉེ་རི།

    ལྕི་སྟོད་ཡོངས་འཛོམས་ཉི་མ་ཤར་ཡག་གི་ལུང་ཤུར་རེ་རེ་ལ་ཇོ་རུས་ལྕུམ་ཟོས་པས་ལྕུམ་ལུང་ནང་ཟེར་བ་དང་།    ཇོ་རུས་ཤིག་འཐུས་པས་ཤིག་སྒུམ་ནང་ཟེར་བ་སོགས་གནའ་དུས་ཇོ་རུའི་འཚོ་བ་དང་འབྲེལ་བའི་ས་མིང་དེ་ལྟར་ཐོགས་པ་ཁ་ཤས་ཀྱང་འདུག 

     ཇོ་རུས་ཨ་མྱེ་སྒམ་པ་ར་ཛ་བཏུལ་ས་ནི་ལྕི་ཕུ་བྲག་ནག་ལུང་མདོ་ཡིན་ལ།  ལྕི་ཕུ་བྲག་ནག་ལུང་མདོ་ན་ཨ་མྱེའི་སྒྲུབ་ཁུང་བྲག་ཕུག་དང་།  ཨ་མྱེའི་མཐུ་ཡིག་སྲེག་ས། གཏོར་གཞུང་འཕེན་ས།  ཨ་མྱེའི་བླ་ཤིང་དང་།  ཨ་མྱེ་མནན་པ་བྱེས་སའི་གཤིན་རྗེ་ཨེ་རིང་མཆོད་རྟེན་ཟེར་བ་སོགས་ཡོད་འདུག  ལྕི་ཕུ་བྲག་ནག་ལུང་མདོ་ནས་བལྟས་སྐབས་ཨ་མྱེའི་སྒྲུབ་ཁང་ཡོད་ས་དང་།  ཨ་མྱེ་འདུག་སའི་རྒྱབ་རི་ནི་རི་བོ་སྨུག་ནག་གྲུ་གསུམ་གྱི་དབྱིབས་སུ་ཆགས་པ།  སྲིན་བྱ་འུག་པ་དང་།  གསའ་གཟིག  རྒྱ་གླང་སྟག་དཀར། གླ་བ་དང་ཕག་རྒོད་སོགས་ཉིན་མཚན་མེད་པར་རྒྱུ་ས་ཞིག་ཀྱང་ཡིན་ཟེར་བ་དང་།  འུག་པ་རྡོ་ཐོག་བབས་འདྲའི་རི།། འུག་པས་ཧ་ཧ་ཟེར་སའི་རི།།  ཨ་མྱེ་སྒམ་པ་ར་ཛའི་རི་ཞེས་པ་བཞིན།  སྒམ་པ་ར་ཛའི་སྒྲུབ་ཕུག་ཡོད་སའི་རྒྱབ་རི་ལ་སྒམ་པ་ར་ཛའི་རི་དང་། བྲག་ནག་རི་ཞེས་འབོད་སྲོལ་འདུག 

    སྒམ་པ་ར་ཛའི་སྒྲུབ་ཕུག་གི་ཐོག་ངོས་དེར་ཁུང་བུ་ཞིག་ཡོད་པ་ནི།  ཇོ་རུས་ཨ་མྱེའི་བྲག་ཁུང་གི་སྒོ་ཕ་བོང་གིས་འདན་དུས་ཨ་མྱེས་ཇོ་རུ་ལ་ཞུ་བ་ཕུལ་ནས། ཨ་སྲས་ལྷ་སྲས་རིན་པོ་ཆེ།།  སྲས་ལུ་ལའི་སྐར་ཁུང་ཙམ་ཞིག་བཞག་རོགས་ཞུས་པས།  ཇོ་རུས་མཛུབ་མོ་བཙུགས་ནས་ཁུང་བུ་ཞིག་ཕུག་པའི་རྗེས་ཤུལ་ནི་ཨ་མྱེ་ལ་སྐར་འོད་འཚེར་ས་བཞག་པ་རེད་ཟེར་བ་དང་།  བྲག་རྡོ་དེའི་དབྱིབས་ནི་ཡར་བཅད་མར་མཐུད་བྱས་པ་ལྟ་བུའི་རྣམ་པ་ཡ་མཚན་ཅན་ཞིག་ཡོད་པ་ནི།  ཇོ་རུས་གྲི་གཡུགས་ནས་བྲག་རྡོ་མར་འགྲམ་ནས་དུམ་བུ་ཞིག་གཏུབས་ཏེ་ཨ་མྱེའི་བྲག་ཁུང་གི་སྒོ་འདན་པ་རེད་ཅེས་པའི་ལྷ་སྒྲུང་དང་འབྲེལ་བའི་ངག་སྒྲུང་ཞིག་ཀྱང་བཤད་སྲོལ་འདུག  

     གདོང་དམར་སྣ་ནི་ཨ་མྱེ་སྒོམ་པས་སྣ་ཁྲག་ས་ལ་མཆོད་པས་དམར་པོ་ཡིན་པ་རེད་ཟེར་བའི་རྟེན་འབྲེལ་གྱི་བཤད་སྲོལ་དང་། སྲིན་ཆུང་ནང་ནི་ལྕི་ཡི་སྲིན་བུ་མི་ཟན་བཏུལ་བས་ས་མིང་ལ་དེ་ལྟར་སྲིན་ཆུང་ནང་ཞེས་ཐོགས་པ་དང་།  འཁྲུངས་གླིང་མེ་ཏོག་ར་བ་ལས། ཨ་མྱེ་ཅུང་མགྱོགས་པས་ཆུ་ཁ་ཞིག་ནས་ཕྱིར་བལྟས་ཏེ་ལག་པས་དོམ་ར་བྱས་པས། ད་ལྟའང་དོམ་ར་མའི་ཆུ་ཁ་གྲགས་ཞེས་པའི་དམ་ར་མའི་ཆུ་ཁ་དང་།  ལྕི་ཡི་དོམ་རལ་ལུང་པ་ཞེས་པ་སོགས་ཡོད་ལ།  རབ་ཉེ་རི་ནི་ཨ་མྱེ་བྲོས་དུས་ཇོ་རུས་ཉེ་སར་ནས་དེད་ཡོང་བ་མཐོང་བས། ཇོ་རུ་རབ་ཉེ་ཡོང་འདུག་བཅས་ལབ་པས་རབ་ཉེ་རི་ཞེས་མིང་ཐོགས།  མོ་ལེབ་ཐང་ནི་ཨ་མྱེས་མོ་བཏབ་པས་མོ་ལེགས་པོ་ཡོད་པ་མཐོང་བས་མོ་ལེབ་ཐང་ཞེས་ཐོགས།

ཇོ་རུ་མ་བུ་རྫ་ཆུའི་ཆུ་རྒྱུད་དུ་ཡུན་རིང་བཞུགས་པའི་ལོ་རྒྱུས།
ལྕི་ཡི་སྲིན་བུ་ངོ་དམར་བཏུལ་སའི་སྲིན་ཆུང་འདབས།

ཇོ་རུ་མ་བུ་རྫ་ཆུའི་ཆུ་རྒྱུད་དུ་ཡུན་རིང་བཞུགས་པའི་ལོ་རྒྱུས།
ཀིས་ཀིས་ལུང་པ།

     འཁྲུངས་གླིང་པད་མའི་དགའ་ཚལ་ནང་འཁོད་པའི་ཕོ་ཉ་གད་པ་སྐྱ་རིང་དང་། མོ་མ་མོ་ཐུར་ལྷ་རྩེ་ཞེས་གླིང་གི་མོ་མ་ཀུན་ཤེས་ཐིག་པའི་བཞུགས་གནས་སོགས་ཡོད་པ་མ་ཚད།  ས་བཟང་པོ་སྨོན་ལམ་ལ་ཁ་དང་། ལམ་བཟང་པོ་བྱང་ཆུབ་འཕྲེད་ལམ་སོགས་ནི་དེང་གི་ཡ་དེང་ཤང་པད་སྙིང་དགོན་དུ་གླིང་སྒྲུང་ལས་གསལ་བ་ཇི་བཞིན་མིང་ཙམ་ཡང་མ་འགྱུར་བར་མཇལ་དུ་ཡོད། 

      སོས་ཆུ་འབབ་པའི་སོས་ཁོག་བཙན་ལུང་ནང་དུ་ཡུལ་སྐྱོང་གཞི་བདག་གཉེན་པོ་གེ་མཛོ་དང་།  སོས་ལག་ཕུ་སེའི་རི་ནས་ཇོ་རུས་རྒོ་འདྲེ་བསེ་རག་སྤུན་གསུམ་བསད་ནས་མགོ་མི་འདྲ་རྒོ་ཕོའི་ཅོག་ཞུ་གྱོན་ས། འཁྲུངས་གླིང་ལས།  དང་པོ་སེ་ཡི་རི་ལ་སོང་།། རྒོ་འདྲེ་བསེ་རག་སྤུན་གསུམ་བསད།།  མགོ་མི་འདྲ་རྒོ་ཕོའི་ཅོག་ཞུ་དེ་རྒོ་མགོ་དང་བཅས་པ་བྱས་ཏེ་རུ་སེ་མནབ་ཅེས་པའི་རྒོ་བ་བསད་ས་སོགས་ནི་སོས་ཁོག་ལུང་པའི་ཕུ་དེ་ཡིན་ཞེས་ཟེར་སྲོལ་འདུག  ད་དུང་གེ་སར་གྱི་གྲི་བརྡར་ས་དང་དམ་སྲི་སྤུན་བདུན་གད་པ་དུ་འགྱུར་བའི་ལྷ་སྒྲུང་སོགས་ནི་འཁྲུངས་གླིང་ནང་འཁོད་པ་ལྟར་དངོས་སུ་མཇལ་རྒྱུ་འདུག  

      དེ་བཞིན་རྫ་ཆུ་སྔོན་མོའི་ཁུག་པ་རེ་རེ་ན་གླིང་སྒྲུང་དང་གེ་སར་བར་གྱི་གཏམ་རྒྱུད་རེ་རེ་ཡོད་ཀྱང་། ས་མིང་སོགས་ལ་ཆ་རྒྱུས་དེ་ཙམ་མེད་པ་དང་།   གླིང་སྒྲུང་ལ་ལྟ་བའི་དུས་ཚོད་ཉུང་བ་སོགས་ཀྱིས་དེ་འདྲའི་རྒྱས་བཤད་ཞིག་མ་ཐུབ།


  • ལེ་ཚན་སྔོན་མ།:སྨུག་པོ་གདོང་གི་རུས་རྒྱུད་དང་མདོ་ཁམས་གླིང་ཡུལ་ཁྲ་མོ།
  • ལེ་ཚན་རྗེས་མ།:ཨ་ཆུང་ཞལ་འབག་བཟོ་རྩལ་ལ་དཔྱད་པའི་གཏམ་ཐོར་བུ་བ།
  • དོ་སྣང་ཆེ་བའི་རྩོམ།