རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཧྥུང་ཧྭ་ཀུའེ་ཡིས་འདི་འདྲ་གསུངས།

བདེ་ཆེན་གྱིས་བསྒྱུར།        2023-03-14

 རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཧྥུང་ཧྭ་ཀུའེ་ཡིས་འདི་འདྲ་གསུངས།

   སྤྱི་ཟླ3པའི་ཚེས12ཉིན། 《ཞིན་ཧྭ་ཉིན་རེའི་གློག་འཕྲིན》གྱི་པར་ངོས12པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྭ་ཀུའེ་ལ་ཆེད་དུ་བཅར་འདྲི་བྱས་པ་རེད། འབྲེལ་ཡོད་ནང་དོན་གཤམ་གསལ།

  “རིག་གནས་དང་ཡུལ་སྐོར་ནི་མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་བའི་གཞི་རྟེན་གལ་ཆེན་ཞིག་ཡིན་ལ། མི་རིགས་ས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་མངོན་འགྱུར་ཡོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་པ་རེད་ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་ཁུལ་དཔོན་ཧྥུང་ཧྭ་ཀུའེ་ཡིས་དེ་ལྟར་གསུངས།

    ན་ནིང་སྤྱི་ཟླ7པར་དཀར་མཛེས་ཁུལ་གྱིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་བཅང་རྒྱུ་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བ”ཡི་ལག་ལེན་བྱ་སྤྱོད་སྤེལ་བ་རེད། ཁུལ་ཡོངས་ཀྱི་གཞུང་ལས་པ་ཁྲི6.5ལྷག་གིས་ཁྱིམ་ཚང་ཁྲི26ལྷག་ལ་མཐུན་འབྲེལ་བྱས་པ་དང་། སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་། ཀུན་ཕན་རང་བཞིན་གྱི་རོགས་སྐྱོར། དབུལ་ཐར་གནད་སྨིན། རིག་གནས་ཀྱིས་སྣེ་ཁྲིད་པའི“བྱ་སྤྱོད་བཞི”དུས་བཀག་ལྟར་སྤེལ་ཏེ། ཞིང་འབྲོག་མང་ཚོགས་ཀྱིས་རྒྱབ་སྐྱོར་སྲིད་ཇུས་རེ་རེ་དང་འཛུགས་སྐྲུན་ལས་གཞི་རེ་རེ། ཁ་གསབ་མ་དངུལ་རེ་རེ། རོགས་སྐྱོར་བྱེད་ཐབས་རེ་རེ་བཅས་ཀྱི་ཁྲོད་ནས་ཏང་གི་ཐུགས་ཁུར་དང་དྲོད་སྐྱིད་ཚོར་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སེམས་སུ་བརྟན་པོ་བཅངས་པར་བྱས་ཡོད།

    གཞན་ཡང་དཀར་མཛེས་ཁུལ་གྱིས་ད་དུང་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཀྱི“ཁྱིམ་ཚང་དང་ལས་ཁུངས། སྤྱི་ཁུལ། ཡུལ་སྡེ། སློབ་གྲྭ། ཁེ་ལས། དགོན་པ། དམག་སྒར་ལ་བསྐྱོད་པའི”བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་དཔེ་བཟང་དཔྱད་འདེམས་དང་གཟེངས་བསྟོད་བྱ་རྒྱུ་རྒྱུན་རྣམ་ཅན་དུ་འགྱུར་བར་རྒྱུན་འཁྱོངས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་སེམས་སུ་དཔེ་བཟང་ཡོད་པ་དང་། སློབ་སྦྱོང་ལ་དཔེ་སྟོན་ཡོད་པ། བྱ་སྤྱོད་ལ་མཛུབ་ཁྲིད་ཡོད་པ་བཅས་བྱ་དགོས། ད་ཆ་ཁུལ་ཡོངས་སུ་རྒྱལ་ཁབ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་དང་ལས་ཁུངས18དང་། ཞིང་ཆེན་རིམ་པ156  ཁུལ་རིམ་པའི་དཔེ་སྟོན་ལས་ཁུངས50དང་ཕུལ་བྱུང་གི་སེ་འབྲུའི་ནང་སྙིང་ལས་དོན་ཁང50། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁྱིམ་ཚང200བཅས་ཡོད་པ་རེད།

    དཀར་མཛེས་ཀྱི་འཛམ་གླིང་རིམ་པ་དང་རྒྱལ་ཁབ་རིམ་པའི“གཟུགས་མེད་ཤུལ་བཞག་རིག་གནས”ཐོན་ཁུངས་དང་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་ལས་ཁུངས་ཀྱི་གྲངས་འབོར་ཚང་མ་སི་ཁྲོན་ཞིང་ཆེན་གྱི་ཨང་དང་པོར་སླེབས་ཡོད། ཧྥུང་ཧྭ་ཀུའེ་ཡིས་བསྟན་དོན། མིག་སྔར། དཀར་མཛེས་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་བཞིན་པའི་སྒང་ཡིན། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན། རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ལྷན་བཅས་ཀྱིས་དཔར་འགྲེམ་བྱས་པའི《ཡུལ་སྐོར་གྱིས་མི་རིགས་ཁག་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་ལ་སྐུལ་སྤེལ་གཏོང་བའི་འཆར་གཞི་ལག་ལེན་བསྟར་རྒྱུའི་སྐོར་གྱི་བསམ་འཆར》ལ་དམིགས་ཏེ། བྱེད་ཐབས་མང་པོ་བཏོན་པ་དང་།རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པར་བྱེད་དེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་བསྐུལ་བ་དང་། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་བ། ཡུལ་སྐོར་ལས་རིགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བས། མི་རིགས་ཁག་གི་བར་མཐོངས་དང་། རིག་གནས། དཔལ་འབྱོར། སྤྱི་ཚོགས། སེམས་ཁམས་བཅས་ཀྱི་ཐད་ཕྱོགས་ཡོངས་ནས་མཉམ་འདྲེས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་བཅང་བར་བསྐུལ་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལ་ཤུགས་བསྣན་དགོས།།


  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གིས་དམག་མི་གསར་ཞུགས་ཚོར་སྐྱེལ་མ་འདི་འདྲ་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།