ཡུལ་སྡེ་དར་རྒྱས་གཏོང་བར་རོགས་བྱས་ནས་དམངས་འཚོ་ལེགས་གཏོང་དང་རིག་གནས་རྒྱུན་འཛིན་ལ་སྐུལ་འདེད་གཏང་དགོས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2023-03-10

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྒྱལ་བསྟན་བློ་བཟང་ བྱམས་པ་ལགས་ལ་བཅར་འདྲི་བྱས་པ།

གཞི་རིམ་གྱི་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན་རྣམས་དང་གླེང་མོལ་བྱེད་སྐབས། རྒྱལ་བསྟན་བློ་བཟང་བྱམས་པས་ད་ཆ་འཚོ་བའི་ཐད་ད་དུང་དཀའ་ངལ་ཡོད་དམ། དྲོད་རླངས་མཁོ་འདོན་དང་གསོ་རླུང་མཁོ་འདོན་ཐད་གྲོས་འགོ་གང་དག་ཡོད། མི་རིགས་ས་ཁུལ་གྱི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་གསར་སྤེལ་བེད་སྤྱོད་ཐད་གྲོས་འགོ་གང་དག་ཡོད་སོགས་ཀྱི་སྐད་ཆ་འདྲི་ཞོར་དུ་ཟིན་བྲིས་སུ་ཕབ་ནས་ད་ལོའི་ལས་དོན་སྒྲུབ་པར་རྨང་གཞིའི་བརྟག་ཞིབ་ལེགས་པོ་གནང་བ་རེད།

རྒྱལ་བསྟན་བློ་བཟང་བྱམས་པ་ནི་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་དང་། སི་ཁྲོན་ཞིང་ཆེན་སྲིད་གྲོས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། སི་ཁྲོན་བོད་སྐད་ནང་བསྟན་སློབ་གླིང་གི་འགོ་གཙོ། དཀར་མཛེས་རྫོང་དར་རྒྱས་དགོན་པའི་དགོན་བདག་བཅས་ཡིན། སྤྱི་ལོ1998ལོ་ནས་བཟུང་སྐབས་དྲུག་ལ་མི་རིགས་ཆོས་ལུགས་ལས་རིགས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་བཞེས་པ་རེད།

ཉེ་བའི་ལོ་ཤས་རིང་། རྒྱལ་བསྟན་བློ་བཟང་བྱམས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དུས་རབས་གསར་པའི་སྙིང་དོན་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་དང་། མེས་རྒྱལ་གཅིག་གྱུར། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་བྱ་རྒྱུ་དེ་འགན་འཁྲི་གལ་ཆེན་དུ་བརྩིས་ནས་མི་དམངས་དང་ཚེ་སྲོག་གཙིགས་སུ་འཛིན་པའི་འདུ་ཤེས་བློ་ལ་བརྟན་པོར་བཅངས་ནས་འགན་འཁྲི་སྒྲུབ་ནུས་རྒྱུན་མི་ཆད་པར་ཆེ་རུ་བཏང་སྟེ་བྱ་སྤྱོད་དངོས་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་ལ་ཞབས་འདེགས་ཞུ་བའི་གཟི་བརྗིད་ལས་འགན་ལག་ལེན་ཧུར་ཐག་བསྒྲུབས།

སྐབས་སྔོན་མ་འགའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སུ། ཁོང་གིས་མི་རིགས་ས་ཁུལ་གྱི་འགྲིམ་འགྲུལ་དང་གློག་ཤུགས།སློབ་གསོ།འཕྲོད་བསྟེན།སྐྱེ་ཁམས།བཟའ་བཅའ་ཉེན་མེད། ཧྥུལ་ཉུང་ཇ་ཁྱབ་གདལ་བཅས་དང་དེ་བཞིན་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་གྲོས་འགོ་བཏོན་པར་འབྲེལ་ཡོད་སྡེ་ཚན་གྱིས་སྣང་ཆེན་དང་ལེན་བྱས་པ་དང་འབྲེལ་འབྲེལ་ཡོད་གནད་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བ་རེད། གྲོས་འགོ་རེ་རེ་དོན་འཁྱོལ་བྱུང་བ་དེས་ཁོང་ལ་གྲུབ་འབྲས་ཐོབ་སེམས་ཆེན་པོ་སྐྱེས་པ་དང་མཉམ་དུ་ཁོང་གིས་རང་འགན་གཙང་སྒྲུབ་དང་ནུས་པ་འདོན་སྤེལ་ལ་སྐུལ་སློང་ཐེབས་ནས་རྩ་འཛུགས་ཀྱི་ཡིད་ཆེས་དང་མི་དམངས་མང་ཚོགས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མ་བཏང་བ་རེད།

རྒྱལ་བསྟན་བློ་བཟང་བྱམས་པས་གསར་འགོད་པར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་ཡུལ་སྡེ་དར་རྒྱས་ཡོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏང་དགོས་པ་བཏོན། ངས་ནམ་ཡང་དཀར་མཛེས་ཁུལ་གྱི་ཡུལ་སྡེ་དར་རྒྱས་ལག་བསྟར་བྱེད་ཚུལ་དང་མི་རིགས་ས་ཁུལ་གྱི་དམངས་འཚོ་ལེགས་བཅོས། རིག་གནས་རྒྱུན་འཛིན་སོགས་ཀྱི་ལས་དོན་ལ་དོ་ཁུར་བྱེད་ཀྱི་ཡོད། ཐེངས་འདིའི་ཚོགས་ཆེན་དུ་ངས་ཡུལ་སྡེ་དར་རྒྱས་གཏོང་བའི་རྒྱབ་ལྗོངས་འོག་མི་རིགས་ས་ཁུལ་གྱི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་གསར་སྤེལ་བེད་སྤྱོད་དང་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་གྲང་ངར་ཆེ་བ་དང་ས་བབ་མཐོ་བའི་ས་ཁུལ་གྱི་དྲོད་རླངས་མཁོ་འདོན་སོགས་ཀྱི་གནད་དོན་ལ་གཙོ་གནད་དུ་དམིགས་ཏེ་གྲོས་འགོ་འདོན་རྒྱུ་ཡིན་ཞེས་གསུངས།

སྲོལ་རྒྱུན་གྲོང་ཚོ་ནི་ལོ་རྒྱུས་རིག་གནས་ཡི་ཤུལ་བཞག་གལ་ཆེན་རེད། དེ་ནི་རིག་གནས་ཀྱི་གདེང་ཚོད་དང་མི་རིགས་ཀྱི་གདེང་ཚོད་ལྡན་པའི་དངོས་པོའི་གཞི་རྟེན་རེད། རང་རྒྱལ་གྱི་སྲོལ་རྒྱུན་གྲོང་ཚོའི་གྲངས་འབོར་མང་བས་ཡུལ་སྡེ་དར་རྒྱས་གཏོང་བའི་ཁྲོད་ཚད་གཞིའི་ནུས་པ་འདོན་སྤེལ་བྱ་དགོས། རྒྱལ་བསྟན་བློ་བཟང་བྱམས་པས་ད་སྔར་མི་རིགས་ས་ཁུལ་དུ་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་དང་གྲོང་སྡེ་གསར་པ་སྐྲུན་པའི་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་བསྟུན་ནས་སྲོལ་རྒྱུན་གྱི་གྲོང་ཚོ་དེ་བས་མང་བ་ཞིག་གི་སྐྱེ་ཁམས་ཁོར་ཡུག་ཞན་དུ་ཕྱིན་པ་དང་། ལོ་རྒྱུས་ཀྱི་ཉམས་འགྱུར་ཞན་ཞིང་ཁོག་སྟོང་དུ་གྱུར་པ། གནས་སྡོད་ཀྱི་ནུས་པ་ཞན་དུ་སོང་བ་སོགས་ཀྱི་གནད་དོན་འཕྲད་ཡོད་པའི་ངོས་འཛིན་གནང་བ་རེད།

རྒྱལ་བསྟན་བློ་བཟང་བྱམས་པས་མི་རིགས་ས་ཁུལ་གྱི་སྲོལ་རྒྱུན་གྲོང་སྡེའི་རིག་གནས་སྲུང་སྐྱོང་འདུ་ཤེས་དྲག་ཏུ་གཏོང་བ་དང་། སྲོལ་རྒྱུན་རིག་གནས་རྒྱུན་འཛིན། རང་བྱུང་རྣམ་པ་སོར་འཇོག། སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་གསར་སྤེལ་དང་གྲོང་སྡེ་གསར་པ་འཛུགས་སྐྲུན་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། སྲུང་སྐྱོང་དང་གསར་སྤེལ་གལ་ཆེ་མཉམ་འཛིན་གྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་ཆབས་ཅིག་ཐར་ཐོར་དུ་གནས་པའི་ཡུལ་སྡེའི་དམངས་ཁྲོད་གནའ་བོའི་འཛུགས་སྐྲུན་ལ་སྲུང་སྐྱོང་བྱ་རྒྱུར་མཐོང་ཆེན་བྱ་དགོས་པའི་གྲོས་འགོ་བཏོན་པ་རེད།

ཁོང་གིས་མཐོ་སྒང་གི་གྲང་ངར་ཆེ་བ་དང་ས་བབ་མཐོ་བའི་ས་ཁུལ་གྱི་དྲོད་རླངས་མཁོ་འདོན་ལས་གྲྭ་ལག་བསྟར་བྱེད་པ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་བཏོན་པའི་འཕེལ་རྒྱས་ནི་མི་དམངས་ཀྱི་ཆེད་དང་འཕེལ་རྒྱས་ནི་མི་དམངས་ལ་བརྟེན་དགོས་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་ཅེས་པའི་བྱ་ཐབས་གལ་ཆེན་དེ་ཁྱོན་ཡོངས་ནས་ལག་བསྟར་དོན་ལ་འཁྱོལ་པ་དེ་རེད། དྲོད་རླངས་དང་གསོ་རླུང་མཁོ་འདོན་གྱི་གནད་དོན་ཐག་གཅོད་མགྱོགས་སུ་བྱ་རྒྱུ་དེ་ནི་ཐོག་མཐའ་བར་གསུམ་དུ་མཐོ་སྒང་གི་གྲང་ངར་ཆེ་བ་དང་ས་བབ་མཐོ་བའི་ས་ཁུལ་གྱི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱི་རེ་སྒུག་དང་དགོས་གཏུག་ཆེ་བའི་དམངས་འཚོའི་འདུ་འགོད་ཅིག་རེད་ཅེས་གསུངས་ཤིང་། རྒྱལ་བསྟན་བློ་བཟང་བྱམས་པས་བལྟས་ན་མཐོ་སྒང་གི་གྲང་ངར་ཆེ་བ་དང་ས་བབ་མཐོ་བའི་ས་ཁུལ་དུ་དྲོད་རླངས་དང་གསོ་རླུང་མཁོ་འདོན་བྱ་རྒྱུ་ནི་སྔར་བཞིན་ཡུལ་སྡེ་དར་རྒྱས་དང་གྲོང་ཁྱེར་དང་གྲོང་རྡལ་འཕེལ་རྒྱས་གཏོང་བའི་ཞན་ཆ་ཞིག་ཡིན་པ་རེད།

རྒྱལ་བསྟན་བློ་བཟང་བྱམས་པས་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་རིང་། དཀར་མཛེས་ཁུལ་གྱིས་སྔ་རྗེས་སུ་དར་མདོ་དང་སེར་ཤུལ། གསེར་རྟ། ལི་ཐང་། འདབ་པ་བཅས་རྫོང(གྲོང་ཁྱེར)ལྔ་ཡི་གྲོང་ཁྱེར་དང་གྲོང་རྡལ་ཁག་གཅིག་གི་དྲོད་རླངས་གཙང་མ་མཁོ་འདོན་ལས་གྲྭ་ལག་བསྟར་བྱས་ཡོད། དྲོད་རླངས་མཁོ་འདོན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི107.76ལ་ཟིན་ཡོད། དེ་དང་ཆབས་ཅིག་ས་བབ་མཐོ་བའི་ས་ཁུལ་གྱི་སྨན་ཁང་དང་མགྲོན་ཁང་སོགས་སུ་གཅིག་སྡུད་གསོ་རླུང་མཁོ་འདོན་གྱི་ལས་གཞི་ལག་ལེན་བསྟར་བའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི14.3ལ་ཟིན་ནས་ས་གནས་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ནུས་ལྡན་ཕྱིན་ནས་རྒྱ་ཆེ་བའི་ཡུལ་སྐོར་བའི་ཡུལ་སྐོར་མྱོང་ཚོར་དང་སྐྱིད་སྣང་ཆེ་རུ་ཕྱིན་ཡོད་ཅེས་གསུངས།

རྒྱལ་བསྟན་བློ་བཟང་བྱམས་པས་གྲོང་ཁྱེར་དང་གྲོང་རྡལ་གཞན་དག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་འཕེལ་རྒྱས་དང་བསྡུར་ན་དཀར་མཛེས་ཁུལ་གྱིས་གཅིག་སྡུད་ཐོག་དྲོད་རླངས་མཁོ་འདོན་བྱ་རྒྱུ་དེ་ད་དུང་འགོ་འཛུགས་ཀྱི་དུས་མཚམས་སུ་གནས་ཡོད་པ་དང་སྔར་བཞིན་ཉམས་ཞན་དང་རྗེས་ལུས་ཡིན་པས་ཁུལ་ཡོངས་ཀྱིས་གཅིག་སྡུད་ཐོག་དྲོད་རླངས་མཁོ་འདོན་བྱེད་པའི་མ་ལག་མགྱོགས་མྱུར་བསྐྲུན་རྒྱུ་དེ་དམངས་འཚོའི་ཁ་ཚ་དགོས་གཏུག་གི་བླང་བྱ་ཞིག་ཏུ་གྱུར་ཡོད། དེ་དང་ཆབས་ཅིག་ཁུལ་ཡོངས་ཀྱི་གསོ་རླུང་མཁོ་སྤྲོད་སྒྲིག་བཀོད་འཛུགས་སྐྲུན་གྱི་ཐོག་མའི་དུས་མཚམས་སུ་སླེབས་པ་དང་གསོ་རླུང་མཁོ་སྤྲོད་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་ཀྱང་གྲོང་ཁྱེར་དང་གྲོང་རྡལ་གཞན་དག་གི་རྨང་གཞིའི་སྒྲིག་བཀོད་ལས་ཅུང་རྗེས་ལུས་ཡིན་པ་བསྟན།

ཇི་ལྟར་བྱས་ནས་དྲོད་རླངས་དང་གསོ་རླུང་མཁོ་འདོན་མགྱོགས་མྱུར་ངང་ཐག་གཅོད་བྱ་དགོས་པའི་ཐད་དུ་རྒྱལ་བསྟན་བློ་བཟང་བྱམས་པས《སི་ཁྲོན་ནུབ་བྱང་རྒྱུད་ཀྱི་གྲང་ངར་ཆེ་བ་དང་ས་བབ་མཐོ་བའི་ས་ཁུལ་གྱི་ནུས་རྒྱུ་གཙང་མ་དྲོད་རླངས་མཁོ་འདོན་གྱི་ཁ་གསབ་དང་སྲིད་ཇུས་ཀྱི་རོགས་སྐྱོར། གློག་རིན་ལྟ་སྐྱོང་སྐོར་གྱི་གྲོས་འགོ》ཕུལ་བ་རེད། རྒྱལ་བསྟན་བློ་བཟང་བྱམས་པས་རྒྱལ་ཁབ་ཀྱིས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་གྲང་ངར་ཆེ་བ་དང་ས་བབ་མཐོ་བའི་ས་ཁུལ་གྱི་དགུན་དུས་ཀྱི་དྲོད་ལེན་གཙང་མའི་ཁ་གསབ་རྒྱབ་སྐྱོར་ཁྱབ་ཁོངས་ནང་བཅུག་ནས་དྲོད་རླངས་མཁོ་འདོན་ལས་གཞིའི་ཆེད་སྤྱོད་མ་དངུལ་དང་། དྲོད་རླངས་མཁོ་འདོན་གྱི་འཛད་སྤྱོད་ཁ་གསབ། དེ་བཞིན་གློག་རིན་ལྟ་སྐྱོང་སོགས་དེ་མཚུངས་ཀྱི་སྲིད་ཇུས་བརྩོན་ལེན་བྱ་དགོས་པའི་གྲོས་འགོ་བཏོན་པ་རེད།

རྒྱལ་བསྟན་བློ་བཟང་བྱམས་པས་ཐོག་མཐའ་བར་གསུམ་དུ་ཤུགས་ཡོད་རྒུས་མང་ཚོགས་ཀྱི་བསམ་འདུན་བརྒྱུད་སྤྲོད་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་པར་སྣེ་ཁྲིད་བྱས་ཡོད་ལ་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ནང་ཞུགས་པར་མ་ཟད་བདེན་དཔང་ཡང་བྱས་ཡོད་པ་རེད། ན་ནིང་ཟླ་བ12པར། དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ལ་རྒྱལ་ཡོངས་ཆོས་ལུགས་ལས་རིགས་ཀྱི་སྔོན་ཐོན་ཐུན་མོང་གི་གཟེངས་བསྟོད་ཐོབ་པ་རེད། ཁོང་གིས་ཐོག་མཐའ་བར་གསུམ་དུ་རང་ཉིད་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་འཁྲིར་བརྩི་མཐོང་གནང་གི་ཡོད། ཁོང་གིས་གསུངས་དོན། མི་དམངས་འཐུས་མི་ཞིག་ཡིན་པའི་ཆ་ནས་མང་ཚོགས་ཀྱིས་དཀྲིས་པའི་མཚན་སྙན་དང་རེ་བ་ཆེན་པོར་འགན་འཁུར་བྱེད་དགོས་པར་མ་ཟད་དེས་འགན་འཁྲི་དང་འོས་འགན་མཚོན་གྱི་ཡོད་པས། ལས་དོན་ཧུར་ཐག་སྒྲུབ་དགོས་པ་དང་འགན་འཁྲི་ཧུར་ཐག་གིས་འཁུར་དགོས།

རྒྱལ་བསྟན་བློ་བཟང་བྱམས་པས་གསུངས་དོན། རང་ངོས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ལེགས་པོ་འཚོག་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་ཡག་པོ་བྱ་རྒྱུ་དེ“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པའི་ལག་ལེན་གལ་ཆེན་དུ་བརྩིས་ནས་འགན་འཁྲི་འཁུར་བའི་འདུ་ཤེས་ཆེ་རུ་གཏོང་བ་དང་འགན་འཁྲི་སྒྲུབ་པའི་འཇོན་ཐང་ཆེ་རུ་བཏང་ནས་མི་རིགས་ས་ཁུལ་དང་ལྷག་པར་དུ་བོད་རིགས་ས་ཁུལ་དང་འབྲེལ་བ་ཡོད་པའི་འཕེལ་རྒྱས་དང་བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་སུ་ཀུན་གྱིས་དོན་སྣང་བྱེད་པའི་གནད་དོན་དང་དཀའ་གནད་ཐད་ཐབས་ཇུས་འདོན་པ་དང་། མི་རིགས་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་རྒན་གྲས་ཤིག་ལ་དགོས་ངེས་ཀྱི་ཁ་མགོ་རྣ་ལེགས་པོ་བསྟན་དགོས།།



  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་རུང་ཅེ་ཚོགས་པའི་རྐང་དཔོན་ལུའི་ཞང་དབྱང་ལ་ཐུག་འཕྲད་གནང་།
  • ལེ་ཚན་རྗེས་མ།:སེམས་ཐག་གཙང་བཅད་ཀྱིས་དུས་རབས་འགན་འཁྲི་ཡག་པོ་སྒྲུབ།
  • དོ་སྣང་ཆེ་བའི་རྩོམ།