ཨ་མ།

འཆིང་གྲོལ།        2023-03-10

གཙང་པོ་བཞིན་བཞུར་ནས་འགྲོ་དང་།

མར་མེ་བཞིན་རིམ་གྱིས་འབར་བ་ནི།

འཁོར་བའི་ཆོས་ཉིད་རེད་ཟེར།

འོན་ཏེ། ངའི་ཕ་ཡུལ་གྱི་རྩྭ་ཐང་དང་རི་བོ་ཡི་གསེབ་ན།

ཨ་མའི་དཀའ་སྡུག་གི་མིག་ཆུ་ད་དུང་སྐོམ་མི་འདུག།

ངའི་ལྟེ་ཁྲག་གི་འདབ་མ་འཇིག་རྟེན་འདིར་ཐོར་ནས་ལོ་ཉེར་གཅིག་འགོར་ཞིང་།

ད་ལྟ་ངའི་ཨ་མ་ཏག་ཏག་དགུང་ལོ”ཞེ་གཉིས”ཡིན་ཞིང་།

ཨ་མའི་མིང་ལ་”ཆོས་རྒྱས་མཚོ་” ཟེར།

ངའི་སྙིང་ཉེ་བའི་ཨ་མ།

ངས་སློབ་ཆུང་གི་སྐས་ཐེམ་ལ་རྐང་པས་གནོན་དགོས་བྱུང་བས།

ང་རང་གཞན་ཡུལ་ལ་འགྲོ་བའི་སྟ་གོན་བྱེད་སྐབས་སུ།

ཨ་མ་ང་དང་འབྲལ་མ་འདོད་པས།

སེམས་སྡུག་ཅིང་མིག་ཆུ་ཡང་མཚམས་མ་ཆད་པར་འཐོར་གྱིན་འདུག།

ཕ་ཡུལ་ནས་ང་རང་ནུབ་ཕྱོགས་ཀྱི་སློབ་གྲྭར་སོང་པའི་ཉིན་དེ་ནས།

ཏག་ཏག་མི་ལོ་བདུན་འགོར་བའི་དེ་རིང་།

ཨ་མས་ང་ལ་འཆད་པའི་གནའ་གཏམ་གྱི་བྱིས་སྒྲུང་དེ།

ངས་ད་དུང་བརྗེད་མི་འདུག།

ཨ་མ་ང་ཁྱོད་ཀྱི་གཅེས་ཕྲུག”འཆིང་གྲོལ”ཡིན།

མ་གཞི་ནས། ང་ཚོའི་ངག་ནས་ཆེས་ཐོག་མར་ཁྲོལ་ཡོང་བའི།

ཨ་མ་ཞེས་པའི་ཐ་སྙད་འདིའི་བརྗོད་དོན།

ནམ་ཡང་འབྲི་མི་ཚར་བའི་ཚིག་མཛོད་ཅིག་གོ།

འོན་ཏེ། ང་རང་ཤོག་དཀར་གྱི་ངོས་སུ་སེམས་པ་ཁེན་ཏེ།

ཐ་སྙད་ཀྱི་རྨུ་ཐག་སྨྱུ་གུས་འཐེན་ནས།

ཟོལ་བཅོས་མ་བསླད་པའི།

ཨ་མའི་དཀའ་སྡུག་གི་འཚོ་བའི་རབ་ཁ་རེ་རེ་ཡི་གེར་ཕབ་ནས་ཡོད།



  • ལེ་ཚན་སྔོན་མ།:ཨ་མར་ཕུལ་བའི་ཕྱག་འཚལ་གུས་ཕྱག་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།