སྙན་འཇེབས་ཁུར་བའི་གཞོན་མ།

སོར་གདུབ།        2023-03-06

གཞོན་ནུའི་ངག་གི་དཔལ་དེ།།

སྙན་མོའི་གདངས་ཀྱི་སྤུ་སྨྱུག།

རོལ་མོའི་ཚོན་གྱིས་སྤུད་ལ།།

སྙན་ཅོག་ཤོག་བུའི་གདན་ལ།།

ཨེ་མ་སྙན་ཞིང་འཇེབས་པའི།།

ལེགས་བྲིས་སྒེག་པའི་གཟུགས་བྱད།།

སྙིང་དུ་སིམ་པར་བྲིས་པས།།

འགྲོ་ཀུན་ཡིད་དབང་འཕྲོག་སོང་།།

ཀྱེ་ཀྱེ་གཞོན་ནུ་མ་ཁྱེད་ཀྱི།།

ཉམས་དང་སྒེག་ཚུལ་ནི་བརྗོད་ན།།

སོ་སྐྱེའི་ཡིད་དབང་གི་རྒྱུ་བ།།

སྐད་ཅིག་འཕྲོག་པ་ནི་འདུག་གོ།།

ཞལ་ལས་ཆགས་ཉམས་ཤིག་སྐྱེས་པས།།

ཚོར་བའི་རྩྭ་ཕྲན་དག་བསྒུལ་བྱུང་།།

ཚུལ་གྱིས་བབ་བརླིང་ཞིག་འཁྱེར་བས།།

གློད་གྲོལ་སྣང་བ་ཞིག་སྟེར་བྱུང་།།

ཞལ་རས་ཨུཏྤལ་ནི་དཀར་པོ།།

དཀར་ཤ་དམར་མདངས་ཤིག་ཆགས་འདུག།

དེ་ནི་སྐད་ཅིག་ཙམ་མཐོང་བས།།

སེམས་ཀྱི་ངལ་དུབ་ནི་སེལ་འགྲོ།།

དེ་བས་ལྕུག་ཕྲན་གྱི་ལུས་དང་།།

ལྡེམ་ལྡེམ་ཡན་ལག་དང་ཉིང་ལག།

འགུལ་བའི་ཚུལ་དེ་དག་གླེང་ན།།

ཁྲི་ཤིང་གཡོ་བ་ཡི་སྟངས་སྟབས།།

སྒེག་པའི་ཉམས་སྣང་དང་འགྲོགས་པའི།།

ལང་ཚོ་གཞོན་དུས་ཀྱི་མེ་ཏོག།

མཛའ་གྲོགས་གཡུ་སྦྲང་ནི་གཞོན་ནུ།།

སྤྲིན་པའི་ཟོལ་གྱིས་ནི་འཁོར་ཡོང་།།

མཛེས་མའི་ཕྱག་གི་པི་ཝང་རྟ་མགོ་མ།།

ཚངས་སྲས་ངག་གི་སྒྱུ་རྩལ་དྲུག་ཅུའི་སྒྲ།།

ཅི་ཡང་ཚང་ཞིང་སྙན་པ་ཀུན་འདུས་པས།།

ཡུན་ཐུང་ཕང་བ་ཙམ་གྱིས་ཕན་བདེ་སྟེར།།

ད་དུང་བུ་མོའི་སྐད་ངག་ལྷོད་པོ་ནི།།

འདོད་ཡོན་མཆོད་པའི་ཞིང་ཁམས་སྒྲ་དང་མཚུངས།།

སྐད་ཅིག་ཐོས་པས་སེམས་ཀྱི་རྡོག་ཁྲེས་དག།

དེ་མར་ཕོགས་ལ་ངལ་བ་སེལ་ལྟར་སྤྲོ།།

གངས་དཀར་རི་ལ་ན་བུན་འཁོར་བ་དང་།།

སྟུག་པོའི་ནགས་ན་སྟག་སྤྲེལ་གནས་བཅའ་བཞིན།།

ང་ཡང་ཁྱེད་ཀྱི་མཛའ་གཞས་ལྷོད་པོ་ལ།།

ཡུན་དུ་སེམས་ཀྱི་ཆགས་པ་དོན་དམ་ཡིན།།

མཛེས་སྡུག་བུ་མོ་ཁྱེད་ལྷ་མོ་ཇི་བཞིན།།

སྙན་ངག་ཚིག་རྒྱན་གྱིས་བསྟོད་ཅིང་གླེང་ན།།

འགའ་རེས་ཐ་སྙད་དང་དོན་གྱི་བར་ལ།།

ཧེ་བག་ཡོད་དོ་ཞེས་ཁྲེལ་དགོད་བྱ་སྲིད།།

ནམ་ཞིག་ཁྱེད་ཉིད་དང་དངོས་སུ་འཕྲད་ཅིང་།།

གཞོན་མའི་ལང་ཚོ་ཡི་པདྨ་མཐོང་ཞིང་།།

སྙན་འཇེབས་མགྲིན་པ་ཡི་དྲི་ངད་ཚོར་ན།།

བརྗོད་པར་བདེན་སོང་ཞེས་མགོ་བོ་ལྡེམ་ངེས།།



  • ལེ་ཚན་སྔོན་མ།:མི་སེམས་བྲིས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།