ཨ་མ་དང་འབྲུ་དྲུག་བར་གྱི་མགུར་མ།

ཧུན • དུར་རོ།        2023-02-27

རླུང་འུར་འུར་ལྡང་བའི་ཕར་ནང་གན་ན།།

སྦྲ་ཆུང་ཆུང་ཁ་ཚུབ་རླུང་གིས་སྐྱོད་དུས།།

དྲིན་མ་ལོའི་གསུང་སྐད་དབྱངས་ལ་འཐེན་ནས།།

ཚིག་འབྲུ་དྲུག་སྙན་པའི་གདངས་ལ་བཀུག་ཐལ།།

ཡིད་སྤྲིན་དཀར་དག་པའི་ནམ་མཁའ་ཇི་བཞིན།།

སེམས་དད་པ་གཡོ་བའི་ངེས་འབྱུང་ལྡང་བྱུང་།།

ཡིད་ལྷོད་མེད་ངང་ལ་འཇོག་པ་བྲལ་ཡང་།།

སེམས་དད་པ་འདི་ཉིད་ཀློད་པ་མ་བྱུང་།།

རྗེ་ཨ་མ་འདི་ཡི་གསུང་སྐད་དག་པས།།

མར་ངན་འགྲོའི་གནས་ལ་ལན་གསུམ་བོས་འདྲ།།

གོང་མཐོ་རིས་གནས་ཀྱང་ལན་གསུམ་གཡོ་བས།།

གསུང་མགུར་ལ་དྲངས་པའི་འབྲུ་དྲུག་མཁྱེན་ནོ།།

སྤྱིར་འཇིག་རྟེན་ཁམས་ཀྱི་བྱ་དངོས་མཐའ་དག །

དོན་མི་རྟག་གློག་གི་རྩེད་མོར་འདྲ་ཡང་།།

སེམས་རྟག་འཛིན་འདོར་བའི་ངེས་འབྱུང་རླུང་བུ།།

དོན་འབྲུ་དྲུག་ངོགས་ཀྱི་ཨ་མའི་གསུང་སྐད།།

ཡིད་རྟག་བརྟན་བྲལ་བ་རྒྱ་མཚོའི་རླབས་གཉེར།།

དུས་སྐད་ཅིག་ངོས་ཀྱི་ངེས་འབྱུང་ཐན་ཐུན།།

གདོན་འཁྲུལ་བའི་རླུང་འདིས་གཡོ་བ་མེད་ན།།

མ་རྗེ་བཙུན་སྒྲོལ་མའི་གསུང་མགུར་དྲན་ནོ།།

ལྷོ་སྤྲིན་དཀར་དག་པའི་ནམ་མཁའ་དེ་རུ།།

དལ་ལྷོད་ཅིག་བཞག་ནས་སྡོད་ཁོམ་བྱུང་ན།།

གནས་རྒྱང་རིང་ཡུལ་གྱི་ཨ་མའི་གསུང་མགུར།།

དུས་ལན་ཅིག་ཐོས་པའི་སྣང་བ་ལོས་བྱིན།།

ཤིང་ཙན་དན་ཕྲེང་བའི་མདོ་འཛིན་བ་སོ།།

དངུལ་བཅུ་ཚར་མགོ་ཡི་རྡོ་དྲིལ་ཕ་ལམ།།

གཟུངས་འབྲུ་དྲུག་སྙན་པའི་ངག་ལ་དྲངས་ན།།

མར་འཁོར་བ་འདི་ཡང་ལན་གསུམ་སྟོང་སྲིད།།

རྗེ་མི་ལ་མགུར་གྱི་བང་མཛོད་ཡིན་ན།།

རྗེ་དབྱངས་ཅན་ཚིག་གི་བདག་མོ་ཡིན་ན།།

རྗེ་ཨ་མའི་གསུང་གི་མགུར་མ་རེ་རེ།།

རྗེ་ཕྱག་ན་པདྨོའི་གཟུངས་སྔགས་ཡིན་རེད།།

ཚིག་འཁྲུལ་བའི་མགུར་གྱི་རྒྱ་མཚོ་ལྟེམས་འདུག།

དོན་ནོར་བའི་མགུར་གྱི་རི་བོ་གཡོགས་འདུག།

ཚིག་དོན་གྱི་མགུར་ལ་ཕ་མཐའ་བྲལ་ཡང་།།

དོན་ཡང་སྙིང་འཛིན་པའི་གདམས་ངག་འབྲུ་དྲུག།

རི་གངས་དཀར་ཡག་གི་མཐའ་རུ་བརྒྱན་ཏེ།།

ཐང་ཆུང་ཆུང་ཆར་བས་ཡང་ཡང་བརླན་ན།།

སྦྲ་ཁ་ཚུབ་རླུང་གིས་ཡང་ཡང་སྒུལ་བའི།།

ཁྱིམ་ཆུང་ཆུང་ནང་གི་མགུར་མ་གསོན་པོ།།

མིག་འབྱེད་འཛུམ་མཚམས་ཀྱི་འོད་ཟེར་ལྗང་ཁུ།།

ཡུལ་རྒྱང་ལ་འཐེན་པའི་སྙིང་རྗེའི་ཐ་གུ།

སེམས་དད་པའི་སྤུ་ལོང་གཡོ་བ་བཙན་པས།།

མགུར་དབྱངས་ལ་འཐེན་པ་སེམས་ཀྱི་སྨན་རེད།།

ཤར་ཟླ་འོད་འདི་ལ་ཞི་བ་བསིལ་བས།།

རྗེ་ཕྱག་ན་པད་མོའི་ཐུགས་ཀྱི་འོད་ཟེར།།

གོང་མཆོད་སྟེགས་སྟེང་གི་མར་མེ་ཡིན་ན།།

རྗེ་མ་ལ་འོད་ཀྱིས་ཡང་ཡང་དཀྲིས་འདུག།

རྗེ་སྒྲོལ་མ་དཀར་མོའི་བྱིན་རླབས་སྤྲིན་ཆར།།

ཡིད་དད་པ་དག་པའི་ཨ་མའི་གདོང་ལ།།

ཚེ་འདི་དང་ཕྱི་མའི་ཕྲེང་བ་དུ་མར།།

དུས་རྟག་པར་སྩོལ་ཅིག་ཁྱེད་རང་མཁྱེན་ནོ།།

ཚིག་འཕྲུལ་ལ་ཆིབས་པའི་དབྱངས་ཅན་མ་མ།།

གདངས་འགྱུར་ཁུག་འགག་མེད་ཨ་མའི་ངག་ལ།།

དབྱངས་དྲི་ཟའི་རྒྱུད་མངས་རམ་འདེགས་ཡོད་ན།།

ཚིག་འབྲུ་མ་མཆིན་པའི་གཏིང་ལ་འཐེན་འགྲོ།།

དཔལ་རིག་བྱེད་དབང་བསྒྱུར་ལྷ་མོ་དམ་པ།།

སེམས་ཤ་རྩ་དཀར་བའི་ཨ་མའི་བཞིན་ལ།།

སྔར་གཟི་མདངས་དྲོ་བའི་ལྷག་མ་སྟེར་ན།།

སྙིང་པད་མོ་འདི་ཉིད་ཡང་ཡང་ལྡེམ་སྲིད།།

ཚིག་ཟླ་བའི་གདན་ལ་རི་མོ་བྲིས་ན།།

དབྱངས་གདངས་ལ་འགུག་པའི་ཏ ་དཀྲོལ་ན།།

མགུར་འབྲུ་དྲུག་ཨ་མའི་ངག་ནས་འཁྲོལ་ན།།

ཡིད་འདི་འང་རེ་ཞིག་སྦྲིད་པ་བྱུང་སོང་ངམ།།

དུས་མི་བརྟན་གློག་གི་འགྱུ་བ་འཐེན་ན།།

སེམས་རྟག་འཛིན་རླུང་གིས་གཡོ་བ་བདེན་ན།།

ཞེ་འདི་ཡང་ཚོར་བས་ཡང་ཡང་བཟི་བ།།

ཡིན་དག་པ་ཨ་མའི་གསུང་མགུར་དྲན་ནོ།།

ཐང་གན་ལ་རླུང་བུ་དལ་དལ་རྒྱུ་ན།།

ལས་མེ་ཏོག་མགོ་ལྕོགས་ལྡེམ་ལྡེམ་གཡོ་ན།།

ཡིད་སྤྲིན་ནག་སྤྲིན་དཀར་དབྱིངས་ལ་དྭངས་ནས།།

ཚིག་མགུར་ལ་ཞེན་ཆགས་ལྷག་པོ་གཡོ་སྲིད།།

ཉིན་བརྩེགས་པ་ཟླ་བའི་འདབ་མ་ཡིན་ན།།

ཟླ་བཞུར་བ་ལོ་ཡི་འཁོར་མོ་ཡིན་ན།།

ལོ་མུ་ནས་བཞུར་ན་མི་ཚེ་ཡིན་ན།།

ཚེ་སྐད་ཅིག་འདར་བའི་དབྱངས་རྟ་ཡིན་རེད།།

མགུར་དབྱངས་ལ་འཐེན་མཁན་ཨ་མ་ཡིན་ན།།

མགུར་གདངས་ལ་འཇོག་མཁན་ལྷ་མོ་ཡིན་ན།།

མགུར་ཚིག་ལ་དཀྲི་མཁན་རྗེ་བོ་ཡིན་ན།།

མགུར་འཁོར་བ་དཀྲོལ་བའི་རྒྱུད་མངས་རེད་བཞག།


  • ལེ་ཚན་སྔོན་མ།:དྲིན་ཕ་མ་དགུང་གི་ཉི་ཟླ་ཡིན།
  • ལེ་ཚན་རྗེས་མ།:རི་སུལ་འཇོལ་མོར་སྤྲིངས་པའི་གྱེས་གླུ།