ལོ་གསར་པའི་ཁ་གཡང་བཀྲ་ཤིས་གཡང་འཁྱིལ།

ཞོགས་རྫ་རྔ།        2023-02-24

ཤེས་བྱའི་ཐང་ཆེན་ཉུལ་བའི་བརྩོན་པའི་རྟ་ཕོ་བང་རྩལ་ཅན།།

གནའ་དེང་རིག་པའི་གཞུང་གི་སྒ་སྲབ་མཛེས་པོས་བརྗིད་ཅིང་བརྟན།།

ཕྲ་ཞིབ་ལྐོག་གྱུར་གནས་ལ་དཔྱོད་པའི་བློ་མིག་ཅན།།

ཤེས་ལྡན་མཁས་པའི་སྡེ་ཚོགས་ལོ་གསར་བཟང་བའི་ཁ་གཡང་འབོད།།

རིགས་ཀྱི་སྲོག་རྒྱུན་མཐུད་པའི་རིག་པའི་རང་ཚུགས་གཡོ་བ་མེད།།

ཕ་སྐད་གསེར་གྱི་སྐུད་པར་སྣ་མང་རིག་པའི་གཡུ་བྱུར་བརྒྱུས།།

ལྷད་མེད་ཐབས་ཤེས་དཔུང་གིས་གཞོན་ནུའི་ཁྱུ་ཚོགས་སྐྱོང་མཛད་པའི།།

དྲིན་ལྡན་དགེ་རྒན་རྣམ་པ་ལོ་གསར་བཟང་བའི་ཁ་གཡང་འབོད།།

ཀ་ཁའི་དབྱངས་རྟ་སྙན་མོས་མ་འོངས་འཚོ་བའི་ཁ་ཕྱོགས་བསྟན།།

ལྷད་མེད་རང་གཤིས་གཙང་པོར་ཤེས་རིག་ནོར་བུས་ཕྲ་རྒྱན་བཏབ།།

ཤ་རུས་གསེང་ནས་རྒྱུ་བའི་རིགས་ཞེན་ངོ་མ་བདེན་པས་ཕྱུག།

རེ་བལྟོས་སློབ་མའི་ཁྱུ་ཚོགས་ལོ་གསར་བཟང་བའི་ཁ་གཡང་འབོད།།

སྒེར་གྱི་འདོད་རྔམ་བྲལ་བའི་དག་གཙང་བརྩེ་བ་བླ་ན་མཐོ།།

འཁོར་བའི་དངོས་སྒྲུང་རིང་མོ་མ་བྲིས་སེམས་ན་ཝ་ལེར་གསལ།།

མ་བཅོས་རེ་སྨོན་ཁྲི་འབུམ་བུ་ལ་བཅངས་པའི་བཀའ་དྲིན་ཅན།།

རྒས་འཁོགས་ཕ་མ་ཟུང་ལ་ལོ་གསར་བཟང་བའི་ཁ་གཡང་འབོད།།

ལས་སྨོན་མཉམ་དུ་བསྲེས་པའི་རྒྱུ་འབྲས་ཐག་པས་དམ་དུ་བཅིངས།།

ཚེ་འདིར་སྐྱིད་སྡུག་གཅིག་པའི་ཞེ་འདང་རྡོག་ཁ་མཉམ་དུ་གཏད།།

ཆ་མེད་འཇིག་རྟེན་འདི་ནས་ལྷན་ཅིག་འཛོམས་པའི་ལས་འཕྲོ་ཅན།།

ན་ཟླ་ཕུ་ནུ་མིང་སྲིང་ལོ་གསར་བཟང་བའི་ཁ་གཡང་འབོད།།

ཚོར་བའི་མེ་རླུང་འཐབ་པའི་ཆགས་སྡང་གསོན་པོ་སྨྱུག་ཁར་ལུད།།

རིགས་དང་དུས་བབ་གླེང་བའི་ཤ་ཚའི་སྐད་ཆ་རྫོགས་དུས་མེད།།

ཐོབ་འབྱོར་གོ་ས་དབེན་ཡང་འགན་འཁྲི་ལྕི་མོ་སེམས་ན་གླན།།

རྩོམ་པོ་སྨྱུག་གྲོགས་ལྷན་རྒྱས་ལོ་གསར་བཟང་བའི་ཁ་གཡང་འབོད།།

མུ་ཁྱུད་གངས་ཀྱིས་བསྐོར་བའི་ས་མཐོ་ཁ་བའི་སྨན་ལྗོངས་སུ།།

ཕུན་ཚོགས་སྡེ་བཞིའི་དཔལ་གྱིས་མངོན་པར་སྒེག་པའི་དྲོད་ཁོལ་འོག།

ཆོལ་གསུམ་ཁ་བའི་གཅེས་ཕྲུག་བདེན་དགེ་མཛེས་པའི་ལོ་ཏོག་སྨིན།།

བསིལ་ལྡན་མགོ་ནག་བོད་ལ་ལོ་གསར་བཟང་པའི་ཁ་གཡང་འབོད།།

གྲངས་མེད་གོ་ལའི་ཁྲོད་ཀྱི་གཞིས་ཁྱིམ་ཆུང་ཆུང་ས་སྒང་འདིའི།།

ཕྱི་ནང་སྣོད་བཅུད་ཀུན་གྱི་ནད་མུག་འཁྲུག་རྩོད་ཞི་གྱུར་ཏེ།།

འཚེ་མེད་ཞི་བའིའོད་ཀྱིས་སྲོག་ལྡན་འགྲོ་བར་ཉེར་འཁྱུད་དེ།།

འཛམ་གླིང་ཀུན་ནས་དགེ་བའི་ལོ་གསར་ཁ་གཡང་དེ་རིང་འབོད།།



  • ལེ་ཚན་སྔོན་མ།:ལོ་སར་གྱི་བསུ་མ།
  • ལེ་ཚན་རྗེས་མ།:ལོ་གཡང་གི་མཆོད་པ།