རང་ཁུལ་ས་གནས་ཁག་གིས་བོད་རབ་རྒྱན་ཆུ་མོ་ཡོས་ལོའི་ལོ་སར་བསུས།

ཀུན་དགའ་དང་རྟ་མགྲིན་གྱིས་བསྒྱུར།        2023-02-24

རང་ཁུལ་ས་གནས་ཁག་གིས་བོད་རབ་རྒྱན་ཆུ་མོ་ཡོས་ལོའི་ལོ་སར་བསུས།
དགའ་བའི་གླུ་དང་སྐྱིད་པའི་བྲོ་འཁྲབ་བཞིན་པའི་ཚུལ།

སྤྱི་ཟླ2པའི་ཚེས21ཉིན་ནི་བོད་རབ་རྒྱན་ཆུ་མོ་ཡོས་ལོའི་ལོ་སར་ཚེས་གཅིག་རེད། རང་ཁུལ་ས་གནས་ཁག་གི་མང་ཚོགས་ཀྱིས་ལུས་ལ་ལྭ་བ་གསར་པ་མནབས་ནས་ལོ་སར་ལ་མཁོ་བའི་ཅ་ལག་ཉོ་སྒྲུབ་དང་མགྲོན་དུ་འགྲོ་བ། རྟ་རྒྱུག་བྱེད་པ། སྲིད་ཇུས་སྒྲོག་འགྲེལ་ལ་ཉན་པ་སོགས་བྱས་ཏེ། གང་ས་ག་ལ་ལོ་སར་དགའ་སྟོན་གྱི་རྣམ་པས་རབ་ཏུ་ཁེངས་འདུག།

ཁྲོམ་ར་ཡོངས་སུ་ལོ་སར་མཁོ་རྫས་བྱུར་བུར་གཏམས།

ཚེས16ཉིན་གྱི་ཕྱི་དྲོར། དཔལ་ཡུལ་རྫོང་ཞིང་ཞོར་ཐོན་རྫས་ཉོ་ཚོང་ཁྲོམ་རར་མར་དང་གྲོ་མ། ཕྱུར་བ། སྔོ་ཚལ་དང་ཤིང་འབྲས་སོས་པ་སོགས་ལོ་སར་མཁོ་རྫས་སྣ་ཚོགས་ལ་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད།

ལོ་སར་གྱི་ཅ་ལག་ཉོ་མཁན་ཚོས་གསར་འགོད་པར་བཤད་རྒྱུར། བྱིས་པ་ཚོས་ལོ་སར་གཏོང་བར་རེ་སྒུག་ཆེན་པོ་བྱེད་ཀྱིན་འདུག། མི་རིང་བའི་གོང་དུ་དཔྱིད་གསར་དུས་ཆེན་ལ་རོལ་མོད། འོན་ཀྱང་ངེད་ཚང་གི་བྱིས་པས་བོད་ཀྱི་ལོ་སར་གཏོང་བར་དེ་བས་རེ་སྒུག་ཆེན་པོ་བྱེད་ཀྱིན་འདུག། དེ་རིང་ངེད་ཁྱིམ་མི་ཚང་མ་རྫོང་མཁར་དུ་ཡོང་ནས་ལོ་སར་གྱི་མཁོ་ཆས་ཉོས་ཏེ་བོད་ལོ་སར་གཏོང་བར་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་བཤད།

བོད་ལོ་སར་ནི་བོད་རིགས་མང་ཚོགས་ཀྱི་ཆེས་རྒྱ་ཆེ་ལ་འཁྲུག་ཆ་དོད་པའི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་ཞིང་། དུས་ཆེན་རིང་ཚོང་ཟོག་མཁོ་སྤྲོད་འདང་ངེས་ཡོང་བར་འགན་ལེན་བྱ་ཆེད། ཚོང་པ་མང་པོ་ཞིག་གིས་སྔ་སྣུར་དུ་ལོ་གསར་པའི་མཁོ་ཆས་གྲ་བསྒྲིགས་ནས་དུས་ཆེན་རིང་གི་དངོས་ཟོག་མཁོ་སྤྲོད་ཤུགས་ཡོད་རྒུས་འགན་ལེན་བྱས་ཏེ་དཔལ་ཡུལ་མང་ཚོགས་ཀྱི་ལོ་སར་མཁོ་ཆས་ཕུན་སུམ་ཇེ་ཚོགས་སུ་བཏང་།

སྡེ་དགེ་ཁྲོམ་གཞུང་དུ་ལོ་སར་མཁོ་ཆས་ཉོ་མཁན་གྱི་མི་ཚོགས་ཀྱིས་ཁེངས་ཤིང་། ཁྲོམ་གཞུང་དང་ཁྲོམ་ལམ་ཆེ་ཆུང་དུ་གློག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་གནས་མཆོག་གནའ་གྲོང་ཁྲོམ་གཞུང་དུ་ལོ་སར་གྱི་རྣམ་པ་ལྷག་པར་མངོན་བཞིན་མཆིས། ཚེས16ཉིན་གྱི་སྔ་དྲོའི་དུས་ཚོད9པར། སྡེ་དགེ་རྫོང་མཁར་ཐང་ཆེན་དུ་ཡོད་པའི་ཇ་རྟའི་ཁྲོམ་སྲང་དུ་མི་ཚོགས་ཀྱིས་ཁེངས་ཤིང་། ཁོ་ཚོས་ལག་ཏུ་ཁུག་མ་ཆེ་ཆུང་བཟུང་ནས་ཁྲོམ་གཞུང་གཡས་གཡོན་གཉིས་སུ་ལོ་སར་གྱི་ཅ་ལག་ཉོ་སྒྲུབ་བྱེད་བཞིན་ཡོད་པ་དང་བཞིན་རས་སུ་དགའ་སྤྲོའི་རྣམ་པ་རབ་ཏུ་མངོན།

གྲོང་ཁྱེར་ནང་གི་ཁྲོམ་ལམ་ཁག་ཏུ་ཚོང་ཁང་ཆེ་ཆུང་མང་པོས་སྔ་མོ་ནས་སྒོ་འགྲམ་དུ་སིལ་སྐམ་དང་ཤ་རིགས། གྱོན་ཆས། རང་ཡུལ་ཐོན་རྫས་སོགས་ལོ་སར་མཁོ་ཆས་མང་པོས་འཛད་སྤྱོད་པའི་མིག་དབང་འཕྲོག། ཚོང་བདག་ཚོས་མགྲོན་པོ་ལ་རང་ཉིད་ཀྱི་ཚོང་ཟོག་ངོ་སྤྲོད་བྱེད་བཞིན་རིན་གོང་སྒྲིག་པ་སོགས་ཁྲོམ་ར་ཡོངས་སུ་འདུ་འཛི་ལང་ལོང་གིས་ཁེངས།

གྲོང་མི་ཆོས་སྐྱིད་སེང་གེ་ཡིས་འཛུམ་དམུལ་དམུལ་ངང་བོད་ཀྱི་ལོ་སར་འཆར་ཉེར་ཡོད་པས་དེ་རིང་ངས་ནང་མི་ཚོར་ལོ་སར་སྐབས་ཀྱི་ཅ་ལག་ཉོ་བཞིན་ཡོད། ཁྲོམ་གཞུང་དུ་འཁྲུག་ཆ་ཧ་ཅང་དོད་པོ་ཡོད་ལ་ལོ་སར་གྱི་རྣམ་པ་མངོན་འདུག། ལོ་རེའི་ལོ་སར་གོང་དུ་ང་ཚོ་འདིར་ལོ་སར་གྱི་ཅ་ལག་ཉོ་བར་ཡོང་གི་ཡོད། འདིར་ཅ་ལག་རིགས་མང་བར་མ་ཟད་རིན་གོང་ཁེ་པོ་འདུག་ཅེས་བཤད།

གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ལོ་སར་གྱི་མཁོ་ཆས་ཁྲོམ་ར་རུ་ཉི་འབྲུ་དང་ཁ་སུར་དམར་པོ། རྒུན་འབྲུམ་སྐམ་པོ། ཚ་ལུ་མ། སྟར་ཀ། བོད་སྤོས། བོད་ཆས་སོགས་ནི་དགའ་བསུ་ཐོབ་ཆེ་ཤོས་ཀྱི་གྲས་རེད། ཚོང་ཁང་གི་སྦྱིན་བདག་མི་ཉུང་བ་ཞིག་གིས་ཉིན་འདི་དག་རིང་ཚོང་ཧ་ཅང་ཡག་པོ་འདུག། ཕྱིར་ཚོང་བྱེད་ཚད་ཀྱང་དུས་རྒྱུན་ལས་ལྡབ་གསུམ་བཞི་མང་བ་འདུག་ཅེས་བཤད།

རང་ཁུལ་ས་གནས་ཁག་གིས་བོད་རབ་རྒྱན་ཆུ་མོ་ཡོས་ལོའི་ལོ་སར་བསུས།
ལོ་སར་ཅ་ལག་ཉོ་བཞིན་པའི་ཚུལ།

རང་ཁུལ་ས་གནས་ཁག་གིས་བོད་རབ་རྒྱན་ཆུ་མོ་ཡོས་ལོའི་ལོ་སར་བསུས།

རྟ་བརྒྱུགས་ནས་ལོ་སར་བསུ་བཞིན་པའི་ཚུལ།

ས་གནས་ཁག་གིས་བྱེད་སྒོ་སྣ་མང་སྤེལ་ནས་བོད་ལོ་སར་བསུས།

ཉིན་ཤས་བསྟུད་མར་དཀར་མཛེས་རྫོང་ཨུ་དྲིལ་བསྒྲགས་པུའུ་ཡིས་རྫོང་རིག་གནས་རྒྱང་བསྒྲགས་ཅུས་དང་།ཞིང་འབྲོག་ཞིང་སྡེ་དང་ཚན་རྩལ་ཅུས། འཕྲོད་བསྟེན་བདེ་ཐང་ཅུས་སོགས་ཚན་པ་བསྡུས་ཏེ་དཀར་རགས་ཡུལ་ཤོག་དང་འདན་མ་ཡུལ་ཤོག། ཟི་ཐང་མདའ་ཡུལ་ཤོག་སོགས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སྒྲོག་སྦྱོང་དང་། སྲིད་ཇུས་དང་རིག་གནས། བཅའ་ཁྲིམས་སྒྲོག་སྤེལ། སེམས་ཁུར་བྱམས་སྐྱོང་གི་བྱ་སྤྱོད་རབ་དང་རིམ་པ་སྤེལ་བར་བརྟེན་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཚད་མེད་ཐོབ་ཡོད།

དཀར་རགས་ཡུལ་ཤོག་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཕུར་བུ་ཟླ་བས་དེ་རིང་རྫོང་གིས་རིག་གནས་གཤམ་སྤེལ་ཁྲོད་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་བསྒྲགས་བྱུང་། ང་ཚོའི་ངོས་ནས་བརྗོད་ན་ཧ་ཅང་དོན་སྙིང་ལྡན་པ་རེད་བསམ་བྱུང་། ཕྱིན་ཆད་འདི་རིགས་ཀྱི་བྱེད་སྒོ་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད།

བྱེད་སྒོ་སྤེལ་ཡུལ་དུ་གནས་སྐབས་བཙུགས་པའི་བློ་འདྲིའི་ཞབས་ཞུའི་སྟེགས་བུའི་མདུན་དུ་ཡུལ་ཤོག་སོ་སོ་ནས་འོངས་པའི་མི་སེར་ཚོས་བློ་འདྲི་དང་དཔྱད་གཞིའི་ཡིག་རིགས་ལེན་བཞིན་ཡོད་ལ། ཞབས་ཞུ་རུ་ཁག་གིས་ཀྱང་ལྷག་བསམ་ཟོལ་མེད་ངང་ཞབས་འདེགས་ཞུ་བཞིན་ཡོད།

རྫོང་ཞིང་འབྲོག་ཞིང་སྡེ་དང་ཚན་རྩལ་ཅུས་ཀྱི་བློ་འདྲིའི་སྟེགས་བུ་མདུན་དུ་མང་ཚོགས་མི་ཉུང་བ་ཞིག་གིས་ལས་དོན་མི་སྣའི་ས་ནས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་སྤྱོད་གོ་ཆོད་པའི་ལག་རྩལ། ནས་ཀྱི་ནད་འབུའི་གནོད་འཚེ། དེ་བཞིན་འགོག་བཅོས་ལག་རྩལ་སོགས་ཀྱི་ཡིག་ཆ་དང་ཕྱུགས་རིགས་ཀྱི་སྨན་རྫས་ལེན་གྱི་ཡོད། བསོད་རྒྱལ་གྱིས་ནོར་གནག་གི་རྒྱུན་མཐོང་ནད་ཀྱི་འགོག་བཅོས་སྐོར་གྱི་ཡིག་ཆ་ཞིག་ལག་ཏུ་ཐོབ་རྗེས་དགའ་སྤྲོའི་ངང་ལག་དེབ་དེ་རྩོམ་སྒྲིག་ཡག་པོ་བྱས་འདུག། གོ་བདེ་ཤེས་སླ་དང་བོད་རྒྱ་སྐད་གཉིས་ཀྱི་ཐོག་བྲིས་འདུག་པས་བལྟས་པ་ཙམ་གྱིས་ཤེས་སླ་ལ་སྤྱོད་གོ་ཡང་ཧ་ཅང་ཆེན་པོ་འདུག་ཅེས་བཤད།

རྫོང་ཁྲིམས་འཛིན་ཅུས་ཀྱིས་བློ་འདྲིའི་སྟེགས་བུ་བཙུགས་མ་ཐག་མང་ཚོགས་མང་པོའི་ཡིད་དབང་འཕྲོག་ཡོད། ལས་བྱེད་མི་སྣས་དྲིལ་བསྒྲགས་ཡིག་རིགས་བཀྲམ་པ་དང་། བཅའ་ཁྲིམས་ཀྱི་ཤེས་བྱ་དྲིལ་བསྒྲགས་དང་བཅའ་ཁྲིམས་ཀྱི་བློ་འདྲི་མཁོ་འདོན་བྱེད་པ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་འཕྲད་པའི་བཅའ་ཁྲིམས་ཀྱི་གནད་དོན་ལ་ངང་རྒྱུད་རིང་ལ་ཞིབ་ཚགས་པའི་སྒོ་ནས་འགྲེལ་བཤད་རྒྱག་པ། དེ་དག་ལ་བཅའ་ཁྲིམས་ཀྱི་མཚོན་ཆ་འཁྱེར་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་བསྲུང་རྒྱུའི་ཁྲིད་སྟོན་བྱས་ཡོད། སྒྲོག་འགྲེལ་པ་པད་མ་ཆོས་སྒྲོན་གྱིས་གོ་བདེ་ཤེས་སླའི་ཡུལ་སྐད་ཐོག་ནས་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་།ཞིང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བཅས་དང་དེ་བཞིན་ཁུལ་ཚོགས་ཆེན་གཉིས་ཀྱི་སྙིང་དོན་བསྒྲགས་པ་རེད།

བློ་འདྲིའི་སྟེགས་བུ་བཙུགས་ནས་མང་ཚོགས་ལ་འཕྲོད་བསྟེན་དང་།ཚན་རྩལ།ཁྲིམས་སྐྱོང་ཤེས་བྱ་བསྒྲགས་པས་མ་ཚད《དཀར་མཛེས་ལ་གཞས》དང་།《དཀར་མཛེས་རྡོག་བྲོ》སོགས་རིག་རྩལ་འཁྲབ་སྟོན་ངོ་མཚར་ཆེ་བ་བྱས། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་ལེ་ཚན་རེས་མོས་ངང་འཁྲབ་པར་དགའ་བསུའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས།

སྤྱི་ཟླ2པའི་ཚེས16ཉིན་བྲག་མགོ་རྫོང་ཤིས་མདོ་གྲོང་རྡལ་ཆུ་བར་གྲོང་སྡེའི་རྟ་རྒྱུག་ཐང་དུ་མི་ཚོགས་ཀྱིས་ཁེངས་ཡོད། ད་ཐེངས་ཀྱི་རྟ་རྒྱུག་ལ་རྟ་པ60ཞུགས་ཡོད། རྟ་རྒྱུག་འགྲན་བསྡུར་ལ་ཞུགས་མཁན་རྒྱལ་ལོས་གསར་འགོད་པར་ལོ་སར་ལ་རྟེན་འབྲེལ་ཞུ་ཆེད་རྫོང་ཨུ་དང་རྫོང་སྲིད་གཞུང་གི་སེམས་ཁུར་དང་རྒྱབ་སྐྱོར་འོག་ང་ཚོས་རྟ་རྒྱུག་བྱེད་སྒོ་བདེ་བླག་ངང་སྤེལ་ཐུབ་ཡོད། སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྫོང་གིས་སླད་ཕྱིན་སེམས་ནུས་གཅིག་སྒྲིལ་གྱིས་སྲོལ་རྒྱུན་བྱེད་སྒོ་དེ་བས་མང་བ་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།།



  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གིས་ན་ཆུང་བྱིས་པ་ཚོར་ཁྲིམས་ལུགས་སློབ་གསོ་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།