བོད་རབ་རྒྱན་ཆུ་མོ་ཡོས་ལོ་ལ་དཔྱད་པའི་རྟེན་འབྲེལ་བདེན་པའི་ཚིག་དྲང་སྲོང་གི་བྱིན་རླབས་ཞེས་བྱ་བ།

ཆོས་འབྱོར་རྒྱ་མཚོ།        2023-02-22

བཀྲ་ཤིས་དགེ་ལེགས་ཡོས་བུ་དཀར་པོ་འདི།།

བྱོན་པ་འཛམ་གླིང་ཡུག་ཅིག་ཡོངས་ལ་བྱོན།།

བྱོན་ལ་རྟེན་འབྲེལ་བསྒྲིགས་ན་རྟེན་འབྲེལ་འགྲིག།

འགྲིག་མིན་ཁ་དགེ་ཅན་གྱིས་རྟེན་འབྲེལ་ཡོད།།

དང་པོ་ཡོས་བུ་རྒྱ་གར་ཤར་ནས་ཡོང་།།

ཡོང་བ་དེ་ནི་བོད་ཡུལ་གངས་ཅན་ལ།།

དམ་ཆོས་དྲི་མེད་དཀར་པོ་འགེངས་པ་ཞིག།

འབྱུང་པའི་རྟེན་འབྲེལ་ཡག་པའི་ཆེ་བ་ཡོད།།

གཉིས་པ་ཡོས་བུ་རྟེན་འབྱུང་གར་གྱིས་ཡོང་།།

ཡོང་བ་དེ་ནི་བོད་ཡུལ་གངས་ཅན་ལ།།

དགའ་ཞིང་བརྩེ་བའི་མཁས་དབང་ལྷག་བསམ་ཅན།།

ལན་བརྒྱར་ཕེབས་ཤིང་ཟད་མཐའ་མེད་པའི་རྟགས།།

གསུམ་པ་ཡོང་བུ་གངས་རིའི་རྩེ་ནས་ཡོང་།།

ཡོང་ནས་འདུག་ས་བོད་ཡུལ་ལུང་པ་རེད།།

བོད་ཡུལ་སྐྱིད་པའི་ལྗོངས་ལ་རྟེན་འབྲེལ་ཆེ།།

གངས་ཅན་ཁ་བ་ལྗོངས་འདི་རྟག་བརྟན་ཤོག།

ཡོས་བུའི་རྣ་ཅོག་མཁའ་རུ་ཤོར་བ་འདི།།

བོད་ཀྱི་ན་གཞོན་རིག་པའི་གནས་ལྔ་ལ།།

མཁས་པའི་བཙན་ས་ཟིན་པའི་ཆེ་བ་དང་།།

ཆོས་སྲིད་གཉིས་ལ་མངའ་དབང་འབྱོར་བའི་རྟགས།།

ཡོས་བུས་རྒྱབ་ཏུ་རིན་ཆེན་སྣོད་ཀྱི་མཛོད།།

ཁྱེར་ནས་གངས་ཅན་ལྗོངས་སུ་བྱོན་པ་འདི།།

ཕྱུག་ནོར་གོང་དུ་འཕེལ་བའི་ཆེ་བ་དང་།།

སྲོལ་བཟང་ལུགས་གཉིས་ཡར་ཡར་རྒྱས་བའི་རྟགས།།

ཡོས་བུས་ན་བཟའ་དམར་པོ་བཀླུབས་ཤིང་དགོད།།

དེ་ནི་གངས་ཅན་ཕུ་ནུ་མིང་སྲིང་གི།

སྐྱིད་སྡུག་རྨི་ལམ་བླ་བཙུན་དགེ་འདུན་ལ།།

བཅོལ་ན་ནོར་མཆིས་མེད་པའི་ཆེ་བ་འཁྲུངས།།

ཡོས་བུའི་སྐུ་རགས་དམར་པོའི་བྱས་པ་དང་།།

གནའ་རྫས་མེ་ཆའི་རྒྱན་ཆ་བཏགས་པ་འདི།།

རིགས་ལ་དམར་པོ་མདངས་བརྩེ་འཁྲུངས་པ་དང་།།

ཡ་རབས་མེས་པོའི་སྲོལ་རྒྱུན་བསྐྱང་དགོས་རྟགས།།

ཡོས་བུའི་དབུ་ལ་འོད་ཟེར་གྱིས་འཁྱུད་པ།།

གངས་ཅན་ཁ་བ་ཅན་གྱི་སྐྱེ་རྒུ་རྣམས།།

མཐའ་རུ་སངས་རྒྱས་འགྲུབ་པའི་རྟེན་འབྲེལ་དང་།།

འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་བྱའི་རྟགས།།

ཡོས་བུའི་གཟུགས་ཀྱིས་སྔོ་བསངས་ནམ་མཁའ་འདྲའི།།

ས་གང་འགེངས་པ་ནམ་ཞིག་བོད་བརྒྱུད་ཀྱི།།

ནང་ཆོས་ནམ་མཁའི་ལྷ་དང་ཀླུ་སོགས་ཀྱི།།

དགོས་འདོད་ནོར་བུ་བསྒྲུན་མེད་འགྲུབ་པའི་རྟགས།།

ཆོས་སྐྱོང་བླ་མ་དམ་པའི་ཐུགས་རྗེ་དང་།།

འབྱོར་ལྡན་ཆོས་དད་འབངས་ཀྱི་སྨོན་ལམ་གཉིས།།

རྒྱ་ཆེན་འཛམ་གླིང་འདི་རུ་ཡོངས་ཁྱབ་ནས།།

མཚོ་འཁྲུངས་ནོར་བཞིན་རྟེན་འབྲེལ་འདི་འགྲུབ་ཤོག།



  • ལེ་ཚན་སྔོན་མ།:ལོ་གཡང་འགུགས་པའི་སྙན་ཚིག་གཅམ་བྲལ་ངག་གི་སྙེ་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།