ལོ་སར་གྱི་གཏང་རག།

        2023-02-17

ལོ་འདིར།

ནད་མུག་འཁྲུག་རྩོད་ཀྱི་རྒུད་པ་ཆེ་ཞིང་།

རྐྱེན་དང་བར་ཆད་ཀྱི་བུ་ཡུག་འཚུབས་སོང་།

ལོ་འདིར།

ནང་སེམས་ཀྱི་གདུང་བ་དྲག་ཏུ་འཕྱོས་ཤིང་།

གནོན་ཤུགས་ཀྱི་ཁུར་པོ་རབ་ཏུ་ལྕི་སོང་།

དེ་ལྟར་ནའང་།

ང་ཚོས་ལོ་སར་གྱི་གཏང་རག་ཅིས་ཀྱང་

བཤམ་དགོས།

ཕུན་ཚོགས་སྡེ་བཞིའི་སྡེར་ཁ་ཅིས་ཀྱང་

བསྒྲིག་དགོས།

དེ་ནི་ཅི་ཞིག་ལ་རྗེས་དྲན་བྱེད་ཆེད་མིན་པར།

འབྱུང་འགྱུར་གྱི་ལས་བྱ་མཐའ་དག།

བདེ་ལེགས་སུ་ཡོང་བའི་རྟེན་འབྲེལ་གྱི་

མཆོད་ཆང་ཐོག་མ་དེ་ཡིན།

དེ་ནི་མཛེས་སྡུག་རྣམ་པར་བཀྲ་བའི་

སང་ཉིན་གྱི་ཉི་འོད་ཁོ་ན་བསུ་ཆེད་ཡིན།

ན་ཟླ་ཚོ།

རྫོགས་ལྡན་གྱི་དུས་སྟོན་འདི་ལ།

གསེར་སྐྱེམས་གཙང་མ་ཞིག་བླ་མར་མཆོད་

དང་བྱིན་རླབས་ཀྱི་ཚན་ཁ་འབར་འོང་།

ན་ཟླ་ཚོ།

སེམས་ཀྱི་གཏང་རག་ཅིག་ཕ་མར་ཕུལ་དང་

བྱམས་བརྩེའི་ཉི་འོད་ཀྱིས་འཚོས་འདུག།

ན་ཟླ་ཚོ།

གླུ་སྐད་སྙན་མོ་ཞིག་ནང་མི་ལ་ཕུལ་དང་

ཁྲེལ་གཞུང་གི་དམ་ཚིག་བསྲུངས་འདུག།

ཆུང་དུས་ལོ་སར་ནི་

ཐུག་རྒྱུ་མེད་པའི་དུས་ཚིགས་ཤིག་གི་

ཀ་ར་གོ་རེ་ཞིག་ལ།

ཤོག་སྦག་བག་ཆ་ཞིག །

རྒས་དུས་ལོ་སར་ནི་

ཤིན་ཏུ་མྱུར་བའི་དུས་ཚོད་ཅིག་གི་

ལྷན་འཛོམས་ཐུང་ངུ་ཞིག་ལ །

མིག་ཆུ་སྤར་མོ་གང་།

རྩོམ་པ་པོ། རླུང་སྲས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ལོ་སར་བསུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།