ལོ་གཡང་བཀྲ་ཤིས་ལྷ་དར།

        2023-02-17

བཀྲ་ཤིས་གནམ་ལོ་གསར་ཚེས་རྟ་བདུན་འོད།།

རབ་ཡངས་འཛིན་མའི་ངོས་ལ་འཕྲོས་པའི་ཚེ།།

དགའ་སྤྲོའི་དུང་གི་སྒྲ་དབྱངས་སྙན་མོ་ཡིས།།

བགྲང་བྱ་གསར་བ་ཞིག་གི་དབུ་འཁྱུད་བསུས།།

གནམ་ལོའི་སྲོག་ཤིང་རི་ཡི་སྙིང་པོའི་ལུས།།

དབང་ཐང་བླ་ཟུང་ཁམས་ནི་དལ་འགྲོ་དང་།།

ཀླུང་ཁམས་འོད་ཀྱི་ཤིང་རྟའི་བཀྲ་ཤིས་ལོར།།

འཛམ་གླིང་ཞི་བདེ་དཔལ་གྱིས་ཁྱབ་པར་ཤོག།

རྒན་པའི་ཚེ་ཐག་དར་དཀར་རིང་མོའི་རྒྱུན།།

ཚེ་ཡི་ལྷ་མཆོག་རྣམས་ཀྱིས་སྲུང་བ་དང་།།

གཞོན་པའི་ལང་ཚོའི་འདབ་ལག་རབ་རྒྱས་ཏེ།།

རིག་པའི་གཞུང་ལུགས་བཅུད་ལ་རོལ་བར་མཛོད།

དཔལ་དང་འབྱོར་བ་ཡིད་བཞིན་ནོར་བུའི་གཡང་།།

འབད་མེད་ལྷུན་གྱིས་འགྲུབ་པའི་འཕྲིན་ལས་དང་།

སྙན་དང་གྲགས་པའི་བ་དན་དཀར་པོ་ཡིས།།

མུ་མེད་ལྷ་ལམ་དབྱིངས་སུ་ཁྱབ་གྱུར་ཅིག།

འཚེ་མེད་ཞི་བདེ་གཡང་གི་མཚོ་མོ་འཁྱིལ།།

དགོས་འདོད་ནོར་གྱི་དངོས་གྲུབ་མ་ལུས་སྩོལ།།

ལུགས་གཉིས་ཡར་ངོའི་ཟླ་ལྟར་འཕེལ་བ་དང་།།

འགྲོ་ཀུན་བདེ་བའི་དཔལ་ལ་རོལ་བར་ཤོག།

བགྲང་གཞིའི་འབྱུང་བ་ཤིང་མ་ཡོས་ཀྱི་ལོར།།

ནད་མེད་ཚེ་རིང་བདེ་སྐྱིད་འབྱུང་བ་དང་།།

ཁ་རྗེ་རླུང་རྟ་འཕེལ་བའི་ཁ་གཡང་འདི།།

ཀུན་ལ་ཕུལ་བའི་ལོ་སར་ལེགས་སྐྱེས་ཡིན།།

བརྗོད་བྱ་ཁ་གཡང་དྲོད་མོའི་ཤིས་ཚིག་ལ།།

རྗོད་བྱེད་ཚིག་གིས་རྒྱན་ཆ་ཕྲ་ན་ཡང་།།

ལོ་གཡང་བཀྲ་ཤིས་ལྷ་དར་ཡུག་གཅིག་དང་།།

གོ་རེ་རྒྱལ་བོ་ཞིག་གི་ཚབ་མཚོན་ཡིན།།

རྩོམ་པ་པོ། སྤྲེལ་རྫོང་བསྟན་རྒྱས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:གནམ་ལོ་བསུ་བའི་དགའ་སྟོན་ཚིག་གི་ག་ཤལ།
  • ལེ་ཚན་རྗེས་མ།:ལོ་སར་བསུ།