ཀྲུང་གུང་ཀྲུང་དབྱང་གིས་ཡུལ་སྡེ་དར་རྒྱས་གཏང་རྒྱུའི་ཡིག་ཆ་བསྒྲགས།

        2023-02-17

ཉེ་ཆར། 《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི2023ལོའི་ཡུལ་སྡེ་དར་རྒྱས་གཏོང་བའི་གཙོ་གནད་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་བསམ་འཆར》དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།

     《བསམ་འཆར》ནང་བསྟན་དོན། 2023ལོ་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་དང“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་གིས“ཞིང་གསུམ”ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་ཤུགས་བསྣན་པ་དང་། ཞིང་ལས་དང་གྲོང་གསེབ་དམིགས་བསལ་གྱིས་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས། གྲོང་ཡུལ་མཉམ་འདྲེས་ཀྱིས་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས། ཚན་རྩལ་གསར་གཏོད་དང་ལམ་ལུགས་གསར་གཏོད་ལ་ཤུགས་བསྣན་པ་དང་། འབྲུ་རིགས་བདེ་འཇགས་འགན་ལེན་དང་གཞི་ཁྱོན་ལྡན་པའི་བསྐྱར་ལོག་སོགས་ཀྱི་མ་མཐའི་མཚམས་ཐིག་བརྟན་པོ་སྲུང་བ། ཡུལ་སྡེ་དར་རྒྱས་དང་། ཡུལ་སྡེ་འཛུགས་སྐྲུན། ཡུལ་སྡེ་བཅོས་སྐྱོང་སོགས་ཀྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། སྡོད་རྒྱུར་འཚམ་པ་དང་ལས་རྒྱུར་འཚམ་པའི་མཛེས་སྡུག་ལྡན་པའི་ཡུལ་སྡེ་འཛུགས་སྐྲུན་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས།

     《བསམ་འཆར》ནང་བསྟན་དོན། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་བརྟན་མཁོ་འདོན་འགན་ལེན་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པར་ནུས་ཤུགས་ཡོད་རྒུས་འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་པ་དང་། སྲན་ཆེན་དང་སྣུམ་རྒྱུ་འདེབས་ཁྱོན་ཆེ་རུ་གཏོང་བ། དེང་རབས་ཀྱི་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་གཏོང་བ། སྣ་མང་ཅན་གྱི་བཟའ་བཅའི་མཁོ་སྤྲོད་མ་ལག་འཛུགས་པ། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་སྙོམས་སྒྲིག་བྱ་རྒྱུར་སྤྱི་འདོམས་ཡག་པོ་བྱ་དགོས་པ་བཅས་བསྟན་ཡོད། 

     《བསམ་འཆར》ནང་ནན་གྱིས་བསྟན་དོན། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན་ནས་རྨོ་ཞིང་སྲུང་སྐྱོང་དང་སྤྱོད་སྒོའི་དོ་དམ་ཚོད་འཛིན་ལ་ཤུགས་བསྣན་པ་དང་། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་ཤུགས་བསྣན་པ། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན་པ། ཞིང་ལས་ཀྱི་གནོད་འགོག་གནོད་སེལ་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱ་དགོས།

     《བསམ་འཆར》ནང་བསྟན་དོན། ཞིང་ལས་ཚན་རྩལ་དང་སྒྲིག་ཆས་ཀྱི་འདེགས་སྐྱོར་ལ་ཤུགས་བསྣན་ནས་ཞིང་ལས་ཀྱི་འགག་རྩའི་སྲོག་ཤིང་ལག་རྩལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་། ས་བོན་ལས་རིགས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ། སྔོན་ཐོན་གྱི་ཞིང་འཕྲུལ་ཞིབ་འཇུག་གསར་སྤེལ་ཁྱབ་གདལ་མགྱོགས་སུ་གཏོང་བ། ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས།

     《བསམ་འཆར》ནང་ནན་བཤད་བྱས་དོན། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་གཞི་ཁྱོན་ལྡན་པའི་བསྐྱར་ལོག་གི་མཐིལ་ཚད་མཐའ་གཅིག་ཏུ་བསྲུངས་ནས་དབུལ་ཐར་ས་ཁུལ་དང་འགག་སྒྲོལ་མང་ཚོགས་ཀྱི་ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་བཏང་སྟེ་རོགས་སྐྱོར་སྲིད་ཇུས་བརྟན་པོའི་ངང་འཐུས་ཚང་དུ་གཏང་དགོས།

     《བསམ་འཆར》ནང་བསྟན་དོན། ཡུལ་སྡེའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཐོན་རྫས་བཟོ་སྣོན་འཁོར་རྒྱུག་ལས་རིགས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། དེང་རབས་ཀྱི་ཡུལ་སྡེ་ཞབས་ཞུའི་ལས་རིགས་འཕེལ་རྒྱས་མགྱོགས་སུ་གཏོང་བ། ཡུལ་སྡེའི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་པ། རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་བཅས་བྱ་དགོས།

     《བསམ་འཆར》ནང་ནན་གྱིས་བསྟན་དོན། ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་བ་དང་། ཞིང་པའི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བ་དང་། ཞིང་ལས་གཉེར་སྐྱོང་གི་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཞིང་པར་རྒྱུ་ནོར་གྱི་ཁེ་དབང་སྔར་བས་གང་ལེགས་སྤྲོད་པ་བཅས་བྱ་དགོས།

     《བསམ་འཆར》ནང་བསྟན་དོན། སྡོད་རྒྱུར་འཚམ་པའི་ལས་རིགས་དང་མཛེས་སྡུག་ལྡན་པའི་ཡུལ་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། གྲོང་ཚོའི་འཆར་འགོད་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཡུལ་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་ཤུགས་བསྣན་པ་བཅས་བྱས་ནས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏང་དགོས།

     《བསམ་འཆར》ནང་ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་པའི་ཡུལ་སྡེའི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་ཆེ་རུ་གཏང་དགོས་པ་དང་། གྲོང་སྡེའི་བཅོས་སྐྱོང་ཕན་ནུས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་བསྣན་པ་བཅས་བྱ་དགོས།

     《བསམ་འཆར》ནང་བསྟན་དོན། སྲིད་ཇུས་འགན་ལེན་དང་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་ལ་ཤུགས་བསྣན་པ་དང་། ཡུལ་སྡེ་དར་རྒྱས་ཀྱི་ཕྱོགས་མང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཡུལ་སྡེའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་པ། རྫོང་ཁོངས་ཀྱི་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས།



ལོ་ཙཱ་བ། ཨོ་རྒྱན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།



  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ས་ཆ་འགའི་སློབ་གྲྭ་ཆུང་འབྲིང་ཁག་སློབ་འགོ་ཚུགས།
  • ལེ་ཚན་རྗེས་མ།:མི་ཉག་རྡོ་ར་དཀར་མོ་རུ་ལག་རྩལ་སྦྱོང་བའི་སློབ་མ་སྡུད་བཞིན་འདུག།
  • དོ་སྣང་ཆེ་བའི་རྩོམ།