དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད།།བྱ་དངོས་མཐའ་དག་སྐྱེས་སྟོབས་རྒྱས།།

རྟ་མགྲིན་རྡོ་རྗེས་བསྒྱུར།        2023-02-13

དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད།།བྱ་དངོས་མཐའ་དག་སྐྱེས་སྟོབས་རྒྱས།།
ཡུལ་མིའི་འཚོ་བའི་ཟུར་ཞིག།

སྤྱི་ཟླ2པའི་ཚེས4ཉིན་གྱི་ཆུ་ཚོད10དང་སྐར་མ42ལ། དུས་ཚིགས་ཉེར་བཞིའི་ནང་གི་དང་པོ་སྟེ་དཔྱིད་ཚུགས་པ་རེད།

དཔྱིད་ཚུགས་ནི་དུས་རིམ་འཁོར་དང་ཉིན་མཚན་བརྗེ་བའི་དུས་ཡུན་རིང་པོའི་ནང་དོན་སྙིང་ཡོད་པའི་ཉིན་མོ་ཞིག་རེད། དཔྱིད་འགོ་ཚུགས་པ་ན་དཔྱིད་ཀ་སླེབས་པ་མཚོན་གྱི་ཡོད། སྐྱེ་དངོས་ཐམས་ཅད་གྲང་ངར་ཆེ་བའི་དགུན་ཟླ་རིང་མོ་བརྒྱུད་རྗེས་ལོ་གསར་པ་ཤིག་གི་འགོ་བརྩམས་པ་རེད། སྐྱེས་དངོས་ཡོངས་ལ་གསོན་ཤུགས་ཀྱིས་ཕྱུག་པའི་དུས་མཚམས་འདིར་ནམ་གཤིས་ཇེ་དྲོར་སོང་བ་དང་བསྟུན་ནས་དར་མདོའི་ཡུལ་མི་རྣམས་ཀྱིས་ལུས་ལ་ལྭ་བ་གྱོན་བདེ་བ་གྱོན་ནས་སྤྱི་གླིང་དང་ཐང་ཆེན་དུ་ཕྱིན་ནས་ལུས་སྦྱོང་དང་ཉི་མར་ལྡེ་བཞིན་འདུག།

སྤྱི་ཟླ2པའི་ཚེས4ཉིན་གྱི་ཆུ་ཚོད13ཙམ་ལ་ཉི་མ་ཧ་ཅང་དྲོ་བ་དང་གསར་འགོད་པ་དར་མདོ་གྲོང་ཁུལ་རྙིང་པར་འགྲོ་སྐབས་གྲོང་མི་མི་ཉུང་བ་ཞིག་རང་ཁྱིམ་ནས་ཐོན་ཏེ་ཉི་འོད་ཀྱི་དྲོ་སྐྱིད་ལ་རོལ་མྱོང་བྱེད་ཀྱིན་འདུག།

གྲོང་ཁུལ་རྙིང་པའི་མཛའ་གཞས་ཐང་ཆེན་དུ་ཡུལ་མི་མི་ཉུང་བ་ཞིག་གིས་བུ་ཕྲུག་ཁྲིད་ནས་འཆམ་འཆམ་དུ་སླེབས་ཤིང་། ཁོ་ཚོས་མིག་མངས་རྩེ་བ་དང་ཞབས་བྲོ་འཁྲབ་པ། ཁ་བརྡ་ལབ་པ་སོགས་བྱེད་བཞིན་ཡོད།

དཔྱིད་གསར་དུས་ཆེན་རིང་གནམ་གཤིས་ཡག་པོ་ཡོད་མོད། འོན་ཀྱང་དྲོད་ཚད་དམའ་བར་མ་ཟད་གྲང་རླུང་ལྡང་། ཡུལ་མི་དབྱང་ལགས་ཀྱིས་གསར་འགོད་པར་ང་དང་བུ་ཕྲུག་གཉིས་དགུན་ཧྲིལ་པོར་ཕྱིར་འགྲོ་བ་ཉུང་ཉུང་ཡིན། ཉིན་ལྟར་ཁྱིམ་དུ་བསྡད་པས་གཟུགས་པོ་ཚང་མ་བདེ་པོ་མི་འདུག། ཉིན་ཤས་རིང་གནམ་གཤིས་ཇེ་དྲོར་ཕྱིན་པས་ཕྱི་ལ་བུད་ནས་མཁའ་དབུགས་གཙང་མ་རྔུབ་ཀྱི་ཡོད་པས་ལུས་སེམས་ཚང་མ་ཧ་ཅང་སྐྱིད་པོ་འདུག་ཅེས་བཤད།

གསར་འགོད་པས་འོད་ཟེར་ཁྲོམ་ལམ་གྱི་སྤོ་ལོ་ཐང་དུ་ལུས་པོ་ཡོངས་སུ་རྔུལ་ཆུས་བརླན་པའི་ན་གཞོན་མི་ཉུང་བ་ཞིག་གིས་སྤོ་ལོ་རྩེད་བཞིན་ཡོད་པ་མཐོང་བ་དང་། དེའི་ཕྱོགས་གཅིག་ཏུ་ཕ་བུ་གཉིས་ཀྱིས་བྱ་སྒྲོའི་སྤོ་ལོ་རྩེད་བཞིན་འདུག། དེ་མིན་གཞན་མང་ཚོགས་ཁ་ཤས་རྐུབ་སྟེགས་སུ་བསྡད་ནས་ངལ་གསོ་ཕྲན་བུ་རྒྱག་གི་ཡོད་པ་མཐོང་། གྲོང་མི་སྐུ་ཞབས་མའོ་ལགས་ཀྱིས་གསར་འགོད་པར་དཔྱིད་གསར་དུས་ཆེན་གཏོང་སྐབས་ལྟོ་ཆས་ལེགས་པས་ལུས་པོ་སྦྱོང་བརྡར་མ་བྱས་ན་ལུས་ཤ་རྒྱགས་པ་ཆགས་འདུག་ཅེས་བཤད། གཞན་ཡང་ད་དུང་ཐེ་པེད་རྒྱག་པ་དང་སྦྱོང་རྒྱུག་བྱེད་པ་སོགས་རྣམ་པ་ཕུན་སུམ་ཚོགས་པའི་སྒོ་ནས་དཔྱིད་ཀ་སླེབས་པར་བསུ་མ་བྱེད་ཀྱིན་འདུག།

དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད།།བྱ་དངོས་མཐའ་དག་སྐྱེས་སྟོབས་རྒྱས།།
མེ་ཏོག་ཚོང་ཁང་གི་ལས་བྱེད་མི་སྣས་མེ་ཏོག་བཙོང་བར་གྲ་སྒྲིག་བྱེད་བཞིན་པའི་ཚུལ།

དཔྱིད་ཀ་ནི་མེ་ཏོག་གི་ཟེའུ་འབྲུ་གད་པའི་དུས་ཚིགས་ཤིག་ཡིན་ཞིང་། དར་མདོའི་རྩི་ཤིང་རྣམས་ད་དུང་མྱུ་གུ་གསར་དུ་འབུས་བཞིན་ཡོད་མོད། འོན་ཀྱང་སྔོ་ཚལ་ཁྲོམ་ར་ལ་དཔྱིད་ཀྱི་བྲོ་བ་ལྷག་ཏུ་ལྡན།

སྤྱི་ཟླ2པའི་ཚེས4ཉིན་གྱི་སྔ་དྲོར། རྫིང་བྲག་ཟམ་པའི་ཞིང་ཞོར་ཉོ་ཚོང་ཁྲོམ་རར་སྔོ་ཚལ་སྣ་ཚོགས་བསྒྲིགས་ཡོད་པ་སྟེ། གླང་རྔ་དང་ཨར་ཚལ་སོགས་སྔོ་ཚལ་སྣ་མང་བཤམས་འདུག། གནས་སྐབས་བཤམས་སྟེགས་སུ་བཤམས་པའི་མེ་ཏོག་གིས་གསར་འགོད་པའི་ཡིད་དབང་ཅིག་ཅར་དུ་འཕྲོག།

དྲོད་ཚད་རིམ་བཞིན་མཐོ་རུ་ཕྱིན་པ་དང་ཆབས་ཅིག་མེ་ཏོག་སོས་མ་ཉོ་མཁན་གྱི་ཡུལ་མི་ཇེ་མང་དུ་ཕྱིན། གནས་སྐབས་བཤམས་སྟེགས་སུ་ཀྲང་ཐའོ་ཡིས་མེ་ཏོག་སྣ་མའི་མེ་ཏོག་རེ་རེ་བཞིན་ཚོང་སྒྲོམ་གྱི་མངོན་གསལ་དོད་སར་བཞག་སྟེ་གྲོང་མིས་འདེམས་ཉོ་བྱ་རྒྱུར་བསྒུག་ནས་འདུག།

སྦྱིན་བདག་ལགས། འདི་ལ་རིན་ག་ཚོད་དགོས། སྣ་མའི་མེ་ཏོག་ལ་སྒོར160དགོས། ཁྱེད་ལ་མང་པོ་དགོས་ན་རིན་གོང་ཁེ་ཙམ་བྱེད་ཆོག། སྐུ་མགྲོན་ཚོས་རང་ཉིང་ལ་མགུ་བའི་སྣ་མའི་མེ་ཏོག་བདམས་རྗེས་ཀྲང་ཐའོ་ཡིས་ད་དུང་མེ་ཏོག་ལ་བདག་སྐྱོང་བྱེད་པའི་ཤེས་བྱ་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད། སྦྱིན་བདག་ཀྲང་ལགས་ཀྱིས་མེ་ཏོག་ཉོ་བར་ཡོང་མཁན་གྱི་སྐུ་མགྲོན་ཚོར་སུན་སྣང་མེད་པར་སྣ་མའི་མེ་ཏོག་གི་མེ་ཏོག་ཤར་ཡུན་ཅུང་རིང་བས་ཁྱིམ་དུ་བཞག་ན་མཁའ་དབུགས་གཙང་མ་བཟོ་བའི་ནུས་པ་ཡོད། མཁའ་དབུགས་ཁྲོད་ཀྱི་སྦགས་བཙོག་དངོས་པོ་འགའ་བསྡུ་ལེན་བྱེད་ཐུབ་པ་དང་མིའི་བདེ་ཐང་ལ་ཕན་པ་ཡོད་ཅེས་བཤད།

གནམ་གཤིས་དྲོ་རུ་ཕྱིན་རྗེས། མི་མང་པོ་ཞིག་ཁྱིམ་ནང་གི་མེ་ཏོག་དང་རྩི་ཤིང་གསར་པ་བརྗེ་བར་ཡོང་གི་འདུག། སྣ་མའི་མེ་ཏོག་འདི་དག་ཚང་མ་ནི་ང་ཚོ་ཁུན་མིང་ལ་སོང་ནས་བདམས་པ་ཡིན་ལ་སྤུས་ཚད་ལ་འགན་ལེན་ཡོད། ཚོང་ཁང་འདི་ང་ཚོས་ཟླ་བ་གཅིག་ལྷག་ལ་གླས་པ་ཡིན། གནམ་གཤིས་ཇེ་དྲོར་ཕྱིན་རྗེས་མེ་ཏོག་རྫ་འདེབས་ཉོ་བར་ཡོང་མཁན་གྱི་མང་ཚོགས་དེ་བས་མང་དུ་འགྲོ་རྒྱུའི་ཡིད་ཆེས་ཡོད་ཅེས་ཀྲང་ཐའོ་ཡིད་སྨོན་འཆོར་བཞིན་དུ་བཤད།

རྫ་མའི་ནང་གི་མེ་ཏོག་སོས་མ་ཕུད་ཚོང་ཁང་ནང་གི་མེ་ཏོག་གཞན་རྣམས་ཡང་དེ་དང་ཆབས་ཅིག་ཕྱིར་ཚོང་བྱེད་ཐུབ་ཀྱི་འདུག། དར་མདོ་གྲོང་ཁྱེར་གྱི་མེ་ཏོག་དགའ་མགུ་ཚོང་ཁང་དུ་ལས་དོན་མི་སྣས་ཕྱིར་བཙོངས་པའི་མེ་ཏོག་སོས་མ་གྲ་སྒྲིག་བྱེད་བཞིན་འདུག། རྒྱ་སེ་མེ་ཏོག་དང་ཉི་མ་མེ་ཏོག་སོགས་སྲོལ་རྒྱུན་གྱི་མེ་ཏོག་ཚང་མ་ཚོང་ཁང་གི་མངོན་གསལ་དོད་ཤོས་སར་བཞག་འདུག།

ཡུལ་མི་ཝང་ལགས་ཀྱིས་ལོ་ལྟར་དཔྱིད་ཀ་སླེབས་དུས་ཆེད་དུ་མེ་ཏོག་སོས་མ་ཉོ་བཞིན་ཡོད། ཁོས་ང་མ་གཞི་ནས་མེ་ཏོག་ལ་ཧ་ཅང་དགའ་པོ་ཡོད། ད་ཆ་གནམ་གཤིས་དྲོ་རུ་ཕྱིན་པ་དང་མེ་ཏོག་བདག་སྐྱོང་སྟབས་བདེ་རུ་ཕྱིན་ཡོད། ངས་མེ་ཏོག་མང་པོ་ཉོས་ནས་ཁྱིམ་ལ་བཞག་ནས་རང་ཁྱིམ་གྱི་རྣམ་པ་གསར་བར་གཏོང་རྩིས་ཡོད་ཅེས་བཤད།།



  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི་ཆུ་བེད་ལས་གྲྭ་འབྲིང་གྲས་ཀྱི་ཞིབ་རྩིས་ལེན་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་ཚུད།
  • ལེ་ཚན་རྗེས་མ།:ཉག་རོང་རྫོང་གིས་ནགས་ཚལ་མེ་ཟོན་ཉེན་མེད་ཡོང་བར་དོ་དམ་དང་ཚོད་འཛིན་ནན་པོ་བྱས།
  • དོ་སྣང་ཆེ་བའི་རྩོམ།