2023-02-10
ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དུ་གསར་དུ་ཞུགས་པའི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོ་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིབ་གྲོས་འཛིན་གྲྭ་ཚེས7ཉིན་གྱི་སྔ་དྲོར་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ནང་སློབ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཛིན་གྲྭ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་སྙིང་བསྡུས་བྱས་ནས་བཏོན་པ་དང་འབྲེལ་རྒྱས་བཤད་གཏིང་ཟབ་གནང་བ་དེ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་རིགས་པའི་གཞུང་ལུགས་གསར་གཏོད་གལ་ཆེན་ཞིག་དང་ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མགོ་ཁྲིད་དེ་ཡུན་རིང་འཚོལ་ཞིབ་དང་ལག་ལེན་བྱེད་རིང་དཀའ་སྡུག་ཚད་མེད་མྱོང་བ་དང་རིན་དོད་ཆེན་པོ་བཏང་ནས་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པས། ང་ཚོས་ངེས་པར་དུ་ལྡབ་འགྱུར་གྱིས་གཅེས་འཛིན་དང་། ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས། རྒྱུན་ཆད་མེད་པར་རྒྱ་བསྐྱེད། གཏིང་ཟབ་ཏུ་གཏོང་བ་བཅས་བྱ་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་གིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲའོ་ལེ་ཅིན་དང་། ཝང་ཧུའུ་ལིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་ཕེབས་ཡོད་པ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་བྱ་རྒྱུ་ནི་ཉེ་རབས་ཚུན་གྱི་ཀྲུང་གོ་མི་དམངས་ཀྱི་ཐུན་མོང་གི་ཕུགས་འདུན་ཡིན་པས་སྤྱོད་བཟང་འདུན་ཆེའི་མི་སྣ་གྲངས་ལས་འདས་པས་འབད་བརྩོན་ཆེན་པོས་འཚོལ་ཞིབ་དང་ཚོད་ལྟ་སྣ་ཚོགས་བྱས་མོད། འོན་ཀྱང་ཚང་མ་ཕམ་ཉེས་ཀྱི་ཐོག་ནས་མཇུག་འགྲིལ་བ་རེད་ཅེས་བསྟན་ཡོད། ཀྲུང་གོའི་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱེད་པའི་ལས་འགན་ལྕི་པོ་དེ་ལོ་རྒྱུས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཕྲག་ཐོག་ཏུ་བབས་ཡོད། དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས། ཁྲག་བཏོན་དམར་འཛིང་དང་། ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པར་བྱང་འདུལ་དམག་འཁྲུག་དང་། ས་ཞིང་གསར་བརྗེའི་དམག་འཁྲུག། རི་འགོག་དམག་འཁྲུག། བཅིངས་འགྲོལ་དམག་འཁྲུག་བཅས་བརྒྱུད་དེ་བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་རི་བོ་ཆེན་པོ་གསུམ་མགོ་རྟིང་བསློགས་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་དང་། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་ཐོབ་པ་མངོན་འགྱུར་བྱས་ནས་དེང་རབས་ཅན་མངོན་འགྱུར་ཡོང་བར་རྩ་བའི་སྤྱི་ཚོགས་ཀྱི་ཆ་རྐྱེན་བསྐྲུན་པ་རེད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་བྱས། ཀྲུང་གོར་ལོ་སྟོང་ཕྲག་ཁ་ཤས་རིང་གི་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་མུ་མཐུད་ནས་མེད་པར་བཟོས། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་གི་ཆེས་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྤྱི་ཚོགས་ཀྱི་འཕོ་འགྱུར་བྱུང་བ་དང་། བཟོ་ལས་ཀྱི་མ་ལག་དང་རྒྱལ་དམངས་དཔལ་འབྱོར་གྱི་མ་ལག་ཅུང་ཆ་ཚང་བ་ཞིག་བཙུགས། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ལ་ཐུན་མོང་མ་ཡིན་པའི་གསར་གཏོད་ཀྱི་རང་བཞིན་ལྡན་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་བཅས་ཀྱིས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་པར་རྩ་བའི་ཆབ་སྲིད་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་། ཉམས་མྱོང་རྩ་ཆེན། རིགས་པའི་གཞུང་ལུགས་ཀྱི་གྲ་སྒྲིག། དངོས་པོའི་རྨང་གཞི་བཅས་བཏིང་བ་རེད། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པ། ང་ཚོའི་ཏང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ལྟེ་གནས་དེ་དཔལ་འབྱོར་འཛུགས་སྐྲུན་ཐོག་ཏུ་བསྒྱུར་རྒྱུ་དང་། བསྒྱུར་བཅོས་སྒོ་འབྱེད་བྱ་རྒྱུའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཇུས་ཐག་བཅད། ལག་ལེན་གྱི་རྨང་གཞིའི་ཐོག་གི་རིགས་པའི་གཞུང་ལུགས་གསར་གཏོད། ལམ་ལུགས་གསར་གཏོད།རིག་གནས་གསར་གཏོད་བཅས་དང་དེ་བཞིན་ཕྱོགས་གཞན་དག་གི་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་ལག་ལེན་བསྟར། ཐོན་སྐྱེད་ནུས་ཤུགས་བལྟོས་བཅས་ཀྱིས་རྗེས་ལུས་ཐེབས་པའི་གནས་ཚུལ་ནས་དཔལ་འབྱོར་བསྡོམས་འབོར་འཛམ་གླིང་གི་ཨང་གཉིས་པར་སླེབས་པའི་ལོ་རྒྱུས་རང་བཞིན་གྱི་འགག་སྒྲོལ་བྱུང་བ་དང་། མི་དམངས་ཀྱི་འཚོ་བ་ལྟོ་གོས་མི་འདང་བ་ནས་སྤྱིའི་ཆ་ནས་འབྱོར་འབྲིང་དུ་སླེབས་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་དུ་སྐྱོད་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་སྟེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་དུ་འགྱུར་བར་གསོན་ཤུགས་གསར་པ་ལྡན་པའི་སྒྲིག་སྲོལ་གྱི་འགན་ལེན་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དངོས་པོའི་ཆ་རྐྱེན་མཁོ་འདོན་བྱས་ཡོད།
ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།རང་རེའི་ཏང་གིས་ད་ཡོད་ཀྱི་རྨང་གཞིའི་ཐོག་མུ་མཐུད་མདུན་སྐྱོད་བྱས་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་ཀྱི་གསར་གཏོད་ཚད་བརྒལ་ཟམ་མི་ཆད་པར་ཡོང་བ་བྱས་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བདེ་བླག་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད། ང་ཚོས་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ་དུས་རབས་གསར་པའི་ཀྲུང་གོའི་ལུགས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཏོད་དེ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་། དུས་རབས་ཅན། མཆོང་སྐྱོད་གསར་པ་བཅས་མངོན་འགྱུར་བྱུང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་དུ་འགྱུར་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ང་ཚོས་ཀྲུང་གོའི་ཁྱད་ཆོས་དང་། ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་བཅས་སྙིང་བསྡུས་བྱས་ཏེ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་བཙུགས་ནས།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྔར་བས་ཁ་གསལ་དང་། སྔར་བས་ཚན་རིག་དང་མཐུན་པ། སྔར་བས་སྤྱོད་གོ་ཆོད་པ་བཅས་བྱ་དགོས། ང་ཚོས་འཐབ་ཇུས་ཐོག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས། ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་སོགས་འཐབ་ཇུས་གལ་ཆེན་རབ་དང་རིམ་པ་ལག་བསྟར་གཏིང་ཟབ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་འཐབ་ཇུས་ཀྱི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས་ཡོད། ང་ཚོས་ལག་ལེན་ཐད་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་བ། བསྒྱུར་བཅོས་རང་བཞིན་གྱི་ལག་ལེན་རབ་དང་རིམ་པར་སྐུལ་འདེད།འགག་སྒྲོལ་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་བ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་ལྷག་པར་དུ་དབུལ་པོ་བལྟོས་མེད་ཀྱི་གནད་དོན་བསལ་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དེ་བས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་། དེ་བས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི། དེ་བས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་མཁོ་འདོན་བྱས་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་མགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བའི་ཁ་ཕྱོགས་དང་། མདུན་ལམ་དང་ལས་དབང་། མཐར་རྒྱལ་ཕམ་བཅས་དང་ཐད་ཀར་འབྲེལ་བ་ཡོད། ཏང་གི་མགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བའི་ངོ་བོ་ཐག་གཅོད་བྱས་ཡོད་པས། གཡོ་འགུལ་སྤུ་ཙམ་མེད་པར་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ད་གཟོད་མདུན་ལྗོངས་འོད་གསལ་ལྡན་པ་དང་དར་རྒྱས་གོང་འཕེལ་ཡོང་ཐུབ། དེ་ལྟར་མ་བྱས་ན་འགྲོ་ཕྱོགས་དང་བྲལ་ཞིང་བླ་སྲོག་ཤོར་སྲིད་པ་དང་། ཐ་ན་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་འབྱུང་སྲིད། ཏང་གི་མགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུ་གཏན་འཁེལ་བྱེད་པའི་འབད་འཐབ་དམིགས་ཚད་བརྟན་པོ་དང་ཕུགས་ལ་སླེབས་པ་འགན་ལེན་བྱེད་པ་དང་རང་རེའི་ཏང་གི་འབད་འཐབ་དམིགས་ཚད་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་པ་དང་མི་རབས་ནས་མི་རབས་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པ་དང་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ཡོད། ཏང་གི་མགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོ་སྐུལ་སློང་བྱས་ཏེ། ང་ཚོའི་ཏང་གིས་བསྒྱུར་བཅོས་གསར་གཏོད་བྱེད་ཕོད་པ་དང་། ཕྱོགས་གང་ཅིའི་ཐད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གྱི་སྐྱོན་ཆ་རྒྱུན་ཆད་མེད་པར་མེད་པ་བཟོས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་ལ་འཛད་མཐའ་མེད་པའི་སྒུལ་ཤུགས་བསྣན་ཡོད། ཏང་གི་མགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གོང་བུར་འགྲིལ་བ་དང་། རང་རེའི་ཏང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། མི་དམངས་ཡོངས་ཀྱི་བདག་པོའི་སྙིང་སྟོབས་སྐུལ་སློང་གང་ལེགས་བཅས་བྱས་ཡོད།
ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། རྒྱལ་ཁབ་གཅིག་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པར་དེང་རབས་ཅན་གྱི་སྤྱིར་བཏང་ཆོས་ཉིད་ལ་བརྩི་སྲུང་ཞུ་དགོས་ལ་རང་རྒྱལ་ཁབ་ཀྱི་དོན་དངོས་དང་དེ་བས་འཚམ་པར་བྱས་ནས་རང་རྒྱལ་ཁབ་ཀྱི་ཁྱད་ཆོས་ལྡན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ཐུན་མོང་ཁྱད་ཆོས་ཡོད་ལ།རང་ཉིད་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་བརྟེན་པའི་ཁྱད་ཆོས་མངོན་གསལ་ཡང་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སེང་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་འབོར་གྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་དེང་རབས་ཅན་དང་།མི་དམངས་ཡོངས་ཐུན་མོང་དུ་ཕྱུག་པོར་འགྱུར་བའི་དེང་རབས་ཅན། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན། ཞི་བདེའི་ངང་འཕེལ་རྒྱས་གཏོང་བའི་ལམ་བུར་སྐྱོད་པའི་དེང་རབས་ཅན་བཅས་ཕྱོགས5ཡི་ཀྲུང་གོའི་ཁྱད་ཆོས་ཕྱོགས་བསྡོམས་གསལ་པོར་བྱས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཚན་རིག་གི་ནང་དོན་གསལ་སྟོན་གཏིང་ཟབ་བྱས་ཡོད། འདི་ནི་རིགས་པའི་གཞུང་ལུགས་ཀྱི་སྙིང་བསྡུས་ཡིན་ལ། ལག་ལེན་གྱི་བླང་བྱ་ཡང་ཡིན་པས། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཞིག་གསལ་སྟོན་བྱས་ཡོད། ཀྲུང་གོ་གསར་པ་བཙུགས་པ་དང་ལྷག་པར་དུ་བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དུ། ང་ཚོས་ལོ་ངོ་བཅུ་ཕྲག་འགའི་དུས་ཚོད་སྤྱད་དེ་ནུབ་ཕྱོགས་ཀྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལོ་ངོ་བརྒྱ་ཕྲག་དུ་མར་བསྐྱོད་མྱོང་བའི་བཟོ་ལས་ཅན་དུ་འགྱུར་བའི་ལོ་རྒྱུས་ཀྱི་ལམ་བུར་བསྐྱོད་ཟིན་པ་དང་། དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་ཡོང་བའི་བྱས་རྗེས་ངོ་མཚར་ཅན་གསར་དུ་བཏོད་པས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་མདུན་ལྗོངས་རྒྱ་ཆེན་པོ་བཏོད་པ་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་བགྲོད་ལམ་ཡང་དག་ཅིང་བརྟན་པ་དང་། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་བགྲོད་ལམ་ཡང་དག་ཉག་ཅིག་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་འཕྲོད་བྱུང་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དེ་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་། ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་ངོ་བོ། མིའི་རིགས་ཀྱི་ཕུལ་བྱུང་ཤེས་དཔལ་གྲུབ་འབྲས་མཐའ་དག་དཔྱད་གཞིར་འཛིན་པ་དང་བསྡུ་ལེན་བྱེད་པ། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་འཕེལ་རྒྱས་ཁ་ཕྱོགས་མཚོན་པ། ནུབ་ཕྱོགས་ཀྱི་དེང་རབས་ཅན་གྱི་རྣམ་པ་དང་མི་འདྲ་བའི་རྣམ་པ་གསར་པ་མངོན་པ་བཅས་བྱས་ཡོད་པས་དེ་ནི་མིའི་རིགས་ཀྱི་ཤེས་དཔལ་རྣམ་པ་གསར་རྐྱང་ཞིག་རེད་ཅེས་བསྟན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས“དེང་རབས་ཅན་ནི་ནུབ་ཕྱོགས་ཅན་དང་འདྲ་བ”ཡི་བསམ་བློའི་འཆིང་རྒྱ་གཏོར་བ་དང་། དེང་རབས་ཅན་གྱི་རྣམ་པ་གཞན་ཞིག་མངོན་པ།འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ལམ་བུ་རྒྱ་ཆེར་བཏང་བ། མིའི་རིགས་ཀྱིས་དེ་བས་ལེགས་པའི་སྤྱི་ཚོགས་ལམ་ལུགས་འཚོལ་ཞིབ་བྱ་རྒྱུར་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་པ་བཅས་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་བསལ་གྱི་འཇིག་རྟེན་ལྟ་བ་དང་།རིན་ཐང་ལྟ་བ།ལོ་རྒྱུས་ལྟ་བ། ཤེས་དཔལ་ལྟ་བ། དམངས་གཙོའི་ལྟ་བ། སྣོད་བཅུད་ལྟ་བ་སོགས་དང་དེ་བཞིན་དེའི་རླབས་ཆེན་ལག་ལེན་ནི་འཛམ་གླིང་གི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་ཀྱི་གསར་གཏོད་གལ་ཆེན་ཞིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རང་བཙན་རང་བདག་དེ་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུར་མིག་དཔེ་བསྟན་ནས་དེར་གདམ་ག་གསར་རྐྱང་ཞིག་མཁོ་འདོན་བྱས་ཡོད།
ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས་གཅིག་གྱུར་འཆར་འགོད་དང་། བརྒྱུད་རིམ་ལྡན་པའི་འཆར་འགོད། སྤྱི་ཡོངས་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས་པ་དང་། རྩེ་རིམ་ཇུས་འགོད་དང་ལག་ལེན་འཚོལ་ཞིབ། འཐབ་ཇུས་དང་ཐབས་ཇུས། གཞུང་དྲང་དང་གསར་གཏོད།ལས་ཕྱོད་དང་དྲང་སྙོམས། གསོན་ཤུགས་དང་སྒྲིག་ལམ། རང་ཚུགས་རང་འབད་དང་ཕྱི་ཕྱོགས་སྒོ་དབྱེ་སོགས་ཀྱི་འབྲེལ་བ་གལ་ཆེན་རབ་དང་རིམ་པ་ཐག་གཅོད་ཡག་པོ་བྱ་དགོས། རྩེ་རིམ་ཇུས་འགོད་བྱེད་པར་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་གསལ་རྟོགས་གཏིང་ཟབ་དང་། མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་བསམ་འདུན་ཁོང་དུ་འཕྱུགས་མེད་ཆུད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་འཚོལ་ཞིབ་གཏིང་ཟབ་བཅས་བྱས་ཏེ་འཆར་འགོད་དང་སྲིད་ཇུས་མ་ལག་ལས་དུས་རབས་ཀྱི་རང་བཞིན་མངོན་པ་དང་། ཆོས་ཉིད་ཀྱི་རང་བཞིན་ཁོང་དུ་ཆུད་པ། གསར་གཏོད་རང་བཞིན་ལྡན་པ་བཅས་བྱས་ནས་ཉེ་རིང་ཟུང་འབྲེལ་དང་། གོང་འོག་འབྲེལ་མཐུད། ནང་དོན་མཐུན་སྦྱོར་བཅས་ཐུབ་པ་བྱ་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་འཚོལ་ཞིབ་རང་བཞིན་གྱི་བྱ་གཞག་ཅིག་ཡིན་ཞིང་། ད་དུང་ཤེས་མེད་པའི་ཁྱབ་ཁོངས་མང་པོ་ཞིག་ཡོད་པས། ང་ཚོས་ལག་ལེན་ཁྲོད་བློ་ཁོག་ཆེན་པོས་འཚོལ་ཞིབ་དང་། བསྒྱུར་བཅོས་གསར་གཏོད་བྱེད་པར་བརྟེན་ནས་བྱ་གཞག་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས་པ་ལས། གྲུ་ལ་རྟགས་བརྒྱབ་ནས་དཔའ་དམ་འཚོལ་བ་དང་། སྡོང་པོའི་འོག་ཏུ་རི་བོང་སྒུག་པའི་རིགས་གཏན་ནས་བྱེད་མི་རུང་། འཐབ་ཇུས་ཀྱི་རྒྱང་ལྟའི་རང་བཞིན་ཆེ་རུ་གཏོང་བ་དང་།བྱ་དངོས་འཕེལ་རྒྱས་ཀྱི་ལྡོག་མེད་འཕེལ་ཕྱོགས་འཕྱུགས་མེད་ཁོང་དུ་ཆུད་པ། མདུན་སྐྱོད་ལམ་བུའི་ཐོག་ཐོན་སྲིད་པའི་གོ་སྐབས་དང་འགྲན་སློང་ཤེས་ཚོར་རྣོན་པོས་ཤེས་པ། ཚན་རིག་དང་མཐུན་པའི་འཐབ་ཇུས་ལ་བརྟེན་ནས་འབྱུང་འགྱུར་སྔོན་དཔག་དང་འབྱུང་འགྱུར་ལ་སྣེ་ཁྲིད་བཅས་བྱ་དགོས། འཐབ་ཇུས་ཀྱི་ཁྱོན་ཡོངས་རང་བཞིན་ལ་ཤུགས་བསྣན་པ་དང་། འཐབ་ཇུས་ཀྱི་དམིགས་ཚད་འཆར་འགོད་བྱེད་པ། འཐབ་ཇུས་ཀྱི་བྱ་ཐབས་བཟོ་བ། འཐབ་ཇུས་ཀྱི་བཀོད་སྒྲིག་བྱེད་པ་བཅས་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དར་རྒུད་རྒྱལ་ཕམ་དང་འབྲེལ་བ་ཡོད་པ་དང་སྐྲ་གཅིག་འཐེན་ན་གཟུགས་པོ་ཡོངས་རྫོགས་འགུལ་ཐུབ་པའི་གནད་དོན་གལ་ཆེན་ཐག་གཅོད་བྱ་རྒྱུར་དམིགས་དགོས། འཐབ་ཇུས་ཀྱི་བརྟན་པོའི་རང་བཞིན་ཆེ་རུ་གཏོང་དགོས་ན། འཐབ་ཇུས་གྲུབ་པ་ཙམ་གྱིས་དུས་ཡུན་རིང་པོར་རྒྱུན་འཁྱོངས་དང་། དམ་འཛིན་མཐའ་འཁྱོངས།ལེགས་སྒྲུབ་ལེགས་འགྲུབ་བཅས་བྱ་དགོས་པ་ལས། གང་འདོད་ལྟར་བསྒྱུར་བཅོས་བྱེད་མི་རུང་། འཐབ་ཇུས་ཀྱི་རྩ་དོན་རང་བཞིན་དང་ཐབས་ཇུས་ཀྱི་བབ་བསྟུན་རང་བཞིན་ཟུང་འབྲེལ་དམ་ཚགས་བྱས་ཏེ། གང་ལ་ཅི་འོས་དང་། སྐབས་བསྟུན་འགྱུར་བ། སྐབས་བསྟུན་ཐག་གཅོད། ཡུལ་བབ་དང་བསྟུན་པ་དང་། བབ་དང་བསྟུན་ནས་འགུལ་བ། གནས་བབ་དང་བསྟུན་ནས་འཐབ་ཇུས་ཀྱི་རང་དབང་ཁོང་དུ་ཆུད་པ་བཅས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་དང་། ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་བཅས་མཐའ་འཁྱོངས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡང་དག་པའི་ཁ་ཕྱོགས་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད། གསར་གཏོད་བྱ་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པ་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ཐག་གཅོད་བྱ་རྒྱུར་དམིགས་པ། སྟབས་བསྟུན་འགྱུར་ལྡོག་དང་འགྱུར་ལྡོག་དོན་གཉེར་བྱ་རྒྱུར་ངོས་འཛིན་ཧུར་ཐག་བྱེད་པ། སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་གསོན་ཤུགས་འཕེལ་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད། མ་རྩ་རིང་ལུགས་ལས་དེ་བས་མཐོ་བའི་ལས་ཕྱོད་གཏོད་དགོས་ལ་སྤྱི་ཚོགས་དྲང་གཞག་དེ་བས་ནུས་ལྡན་ངང་སྲུང་སྐྱོང་བྱས་ནས་ལས་ཕྱོད་དང་དྲང་གཞག་ཕན་ཚུན་ལྟ་རྟོག་དང་།ཕན་ཚུན་སྐུལ་འདེད།ཕན་ཚུན་གཅིག་གྱུར་བཅས་དེ་བས་ཡག་པོ་བྱ་དགོས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་དང་།སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དོན་འཁྱོལ།རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ།རྒྱལ་ཁབ་ཀྱི་སྲིད་དབང་བདེ་འཇགས་དང་། ལམ་ལུགས་བདེ་འཇགས། འདུ་ཤེས་འཛིན་སྟངས་བདེ་འཇགས། གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་བཅས་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བཅས་བྱ་དགོས། རང་བཙན་རང་བདག་དང་། རང་ཚུགས་རང་འབད་མཐའ་འཁྱོངས་དང་། རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་རྨང་གཞིའི་ཐོག་འཇོག་རྒྱུ་མཐའ་འཁྱོངས། རང་རྒྱལ་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱ་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ཟམ་མི་ཆད་པར་རྒྱ་ཆེར་བཏང་ནས་གོ་ལ་ཧྲིལ་པོའི་ཐོན་ལས་ལས་བགོས་དང་མཉམ་ལས་ནང་གཏིང་ཟབ་ཞུགས་ཏེ་རྒྱལ་ནང་དང་རྒྱལ་སྤྱི་གཉིས་ཀྱི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་བར་མཐོངས་རྒྱ་ཆེར་གཏང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་སྔར་བྱུང་མ་མྱོང་བའི་གསར་གཏོད་ཀྱི་རང་བཞིན་ལྡན་པའི་བྱ་གཞག་ཅིག་ཡིན་པས། སྔོན་དཔག་ཐུབ་པ་དང་སྔོན་དཔག་བྱེད་དཀའ་བའི་ཉེན་ཁ་དང་འགྲན་སློང་དང་། དཀའ་ངལ་དང་ཉེན་ཁ་སྣ་ཚོགས་དང་ཐ་ན་རྦ་རླབས་འཇིགས་སུ་རུང་བ་ཞིག་ཐུག་ངེས་ཡིན་པས། ངེས་པར་དུ་སྡུག་འབྱུང་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། མ་མཐའི་ཚོད་ཐིག་གི་བསམ་བློ་མཐའ་འཁྱོངས། བདེ་དུས་ཉེན་དྲན་དང་།མ་འོངས་སྔོན་འགོག། འཐབ་རྩོད་བྱེད་ཕོད་པ། འཐབ་རྩོད་བྱེད་མཁས་པ་བཅས་བྱས་ནས་ཞུམ་པ་མེད་པའི་འཐབ་རྩོད་བྱས་པ་བརྒྱུད་བྱ་གཞག་འཕེལ་རྒྱས་ཀྱི་གནམ་ས་གསར་པ་གཏོད་དགོས། འཐབ་ཇུས་ཀྱི་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱས་ཏེ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་གདེང་ཚོད་ཡོད་པ་བྱ་དགོས། འཐབ་ཇུས་ཀྱི་གདེང་ཚོད་རྒྱུན་འཁྱོངས་བྱས་ནས་འཐབ་རྩོད་ཀྱི་གདིང་ཤུགས་ཆེ་རུ་གཏོང་བ། འཐབ་ཇུས་ཀྱི་རང་འགུལ་རྒྱུན་འཁྱོངས་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས། ནུས་པ་ཆེར་གཏོང་ལ་ཤུགས་སྣོན་ཏེ་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་ན་གཞོན་ལས་བྱེད་པར་བསམ་བློའི་ཐོག་ནས་སྦྱོང་བརྡར་དང་། ཆབ་སྲིད་ཐོག་ནས་སྦྱོང་བརྡར། ལག་ལེན་ཐོག་ནས་སྦྱོང་བརྡར། ཆེད་ལས་སྦྱོང་བརྡར་བཅས་ནན་པོ་མྱོང་དུ་འཇུག་པ་དང་། རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་འཐབ་རྩོད་ཁྲོད་དུ་ཆར་རླུང་དང་འཕྲད་པ་དང་། མྱོང་རྟོགས་ཆེན་པོ་དང་། སྙིང་སྟོབས་ཆེ་བ། འཇོན་ཐང་རྒྱས་པ་བཅས་ཡོང་བ་བྱ་དགོས། ཛ་དྲག་དང་རྙོག་འཛིང་ཆེ་བའི་འཐབ་རྩོད་ཁྲོད་དུ་ལས་བྱེད་པར་རྟོག་ཞིབ་དང་དབྱེ་འབྱེད་བྱེད་པར་དོ་སྣང་བྱས་ཏེ། འཐབ་རྩོད་བྱེད་ཕོད་པ་དང་། འགན་འཁུར་ཕོད་པ། ལས་དོན་སྒྲུབ་ཕོད་པ། དམ་འཛིན་དང་ལེགས་གཉེར་བྱེད་ཕོད་པ་བཅས་བྱས་ནས་མི་ལ་ཕོག་ཐུག་གཏོང་མི་ཕོད་པའི་ལས་བྱེད་པར་རྒྱབ་སྐྱོར་དང་སྐུལ་སློང་བྱེད་དགོས་པ་དང་། གནད་འཁེལ་ཐུབ་ན་བློ་ཁོག་ཆེན་པོས་བཀོལ་སྤྱོད་བྱ་དགོས།
ཞི་ཅིན་ཕིང་གིས་མཇུག་ཏུ་ནན་གསུང་གནང་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་ངེས་པར་དུ་འགོ་ཚུགས་ལོའི་ལས་དོན་དམ་འཛིན་ལེགས་པོ་བྱ་དགོས་ཞེས་ནན་གསུང་གནང་བ་རེད། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། བརྟན་པོ་ཡོང་བར་བྱ་རྒྱུ་ཨང་དང་པོར་འཛིན་པ་དང་བརྟན་པོའི་ངང་ཡར་རྒྱས་ཡོང་བར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་ལེགས་པར་བྱེད་པ་དང་། རིམས་ནད་འགོག་ཟོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་ལེགས་པར་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་ལེགས་པར་བྱེད་པ། བསྒྱུར་བཅོས་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་སྤེལ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་སྐུལ་འདེད། གཉེར་སྐྱོང་གཙོ་ཤུགས་ལ་ཡིད་ཆེས་དང་སྤྱི་ཚོགས་ཀྱི་སྔོན་དཔག་བརྟན་པོ་ཡོང་བར་ཁྲིད་སྟོན་སྔར་ལས་ལྷག་པར་བྱས་ཏེ་དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་ལེགས་འགྱུར་ཡོང་བར་འབད་བརྩོན་བྱ་དགོས།
ལི་ཆང་གིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པ་རྒྱས་བཤད་གཏིང་ཟབ་གནང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རིགས་པའི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་གོང་འཕེལ། ཆབ་སྲིད་ཀྱི་རང་བཞིན་དང་།རིགས་པའི་གཞུང་ལུགས་ཀྱི་རང་བཞིན། དམིགས་སའི་རང་བཞིན། སློབ་སྟོན་གྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད་པས། ཏང་ཡོངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གོ་བ་ཡང་དག་པ་ལེན་པ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་། ཁྱོན་ཡོངས་ནས་ཁོང་དུ་ཆུད་པ། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱེད་པ་དང་།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ།“རྒྱལ་ཁབ་ཆེན་པོ”ཡིད་ལ་བརྟན་པོར་ངེས་པ།“འདུ་ཤེས་བཞི”དང་།“ཡིད་ཆེས་བཞི”བརྟན་དུ་གཏོང་བ།”“སྲུང་སྐྱོང་གཉིས”བཅས་བྱེད་ཐུབ་པར་བྱེད་པ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་གཏོད་པར་འབད་བརྩོན་བྱེད་པ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་རེད། ང་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་བསམ་བློ་དང་བྱ་སྤྱོད་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་སྙིང་དོན་ཐོག་གཅིག་གྱུར་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར།ས་ཁུལ་དེ་རང་དང་སྡེ་ཁག་དེ་རང་དང་སྡེ་ཚན་དེ་རང་བཅས་ཀྱི་ལས་དོན་ཁག་དམ་འཛིན་ཏན་ཏིག་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་སྤེལ་ཏན་ཏིག་གཏང་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ཡིན་པའི་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་བློ་མཐུན་གཞན་དག་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དུ་གསར་དུ་ཞུགས་པའི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་མི་དམངས་ཚོགས་པའི་འགན་འཁུར་བློ་མཐུན་གཙོ་བོ། བཅིངས་འགྲོལ་དམག་གི་སྡེ་ཚན་ཁག་དང་ཉེན་རྟོག་དྲག་དཔུང་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཞིབ་གྲོས་འཛིན་གྲྭར་ཞུགས་ཡོད། དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། འབྲེལ་ཡོད་ཕྱོགས་བཅས་ཀྱི་འགན་འཁུར་བློ་མཐུན་རྣམས་འགོ་ཚུགས་མཛད་སྒོར་ཟུར་ཞུགས་གནང་བ་རེད།
ལོ་ཙཱ་བ། ཨོ་རྒྱན།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10