རང་ནུས་སྐྱོང་ཐབས་སྐོར་གྱི་གཏམ་ཚན་པ་དགུ།

ངག་དབང་བཀྲ་ཤིས།        2023-02-15

༡.བསམ་པ་ལས་ཀྱང་བསྒྲུབ་པ་གལ།

བྱ་བ་གང་དང་ཅི་ཡིན་རུང་། བསྒྲུབ་གྲབས་ལས་ཀྱང་མགོ་རྩོམ་པ་ཡིས་ལྷག་ཏུ་ང་ཚོར་འཚར་ལོངས་དང་གྲུབ་འབྲས་བསྐྱེད་ཐུབ། དོན་དག་མང་པོ་ཞིག་ང་ཚོས་བསམས་དང་བསམ་བཞིན་པའི་བར་གསེང་ནས་བསྐྱུར་བཞག་པ་དང་། གཡུགས་བཞག་པ་རེད། ཡིན་ན་ཡང་། གལ་ཏེ་འགོ་བརྩམས་ཡོད་ན་སྒྲུབ་བཞིན་སྒྲུབ་བཞིན་ལེགས་འགྲུབ་ཀྱི་མཐའ་ཞིག་ཡོད་ངེས་པ་རེད། གོ་རིམ་དེ་ལས་ང་ཚོས་ལོག་ལམ་དང་ནོར་འཁྲུལ་མི་ཉུང་བ་ཞིག་བསྒྲུབ་ངེས་མོད། རིམ་པ་དེ་བརྒྱུད་ནས་ང་ཚོར་ནོར་འཁྲུལ་ཡོ་བསྲང་དང་ལེགས་སྒྲིག་དག་ཐེར་བྱ་བའི་གོ་སྐབས་མི་དམན་པ་ཞིག་ཐོབ་སྲིད། གལ་ཏེ་ལག་ལེན་མེད་པའི་སྟོང་བསམ་ཁོ་ནའི་བརྟུལ་ཞུགས་འཛིན་ན། སོར་གནས་འཕེལ་མེད་དུ་འགྱུར་རྒྱུ་ནི་ལྡོག་མེད་ཀྱི་ཆོས་ཉིད་དོ།

༢.ཇི་སྲིད་བར་དུ་རང་ཚུགས་ཀྱི་འཇོན་ནུས་འཁྱོངས་ཐུབ་པ་བྱ་དགོས།

མི་ཞིག་ཡིན་ན་ཇི་སྲིད་སྲོག་གི་རྒྱུ་བ་མ་ཆད་བར་དུ་རང་ཚུགས་ཀྱི་འཇོན་ནུས་འཁྱོངས་ཐུབ་པ་བྱ་དགོས། ཁྱོད་ཀྱིས་དཔལ་འབྱོར་བསྒྲུབས་ནས་རང་ཁ་རང་གིས་གསོ་ཤེས་རྗེས། ད་གཟོད་ཁྱོད་ལ་འཚོ་གནས་གླེང་བའི་ཐོབ་ཐང་ལྡན། ཁྱོད་ལ་རང་ཚུགས་ཀྱི་འཇོན་ནུས་ལྡན་རྗེས། ད་གཟོད་ཁྱོད་ལ་རང་དབང་སྨྲ་བའི་ཐོབ་དབང་ཡོད། བསམ་བློ་དང་རྒྱུ་འབྱོར་ཟུང་གི་རང་ཚུགས་ཐུབ་རྒྱུ་ནི། ཉིད་ལ་མཛེས་སྡུག་གི་མི་ཚེ་ཞིག་དབང་བའི་གཞི་རྟེན་ཡིན་ནོ།།

༣.སློབ་སྦྱོང་གི་རྒྱུན་ཆད་པ་མེད་པར་བྱ་དགོས།

བསྒྲུབས་ཐེངས་བརྒྱར་ཕྱིན་པའི་བྱ་བ་གཅིག་ཡིན་ཡང་། ད་དུང་ལེགས་བྱང་དུ་གཏང་དགོས་པའི་ཆ་ཡོད་སྲིད། བྲིས་ཐེངས་བརྒྱར་ཕྱིན་པའི་རྩོམ་ཞིག་ཡིན་ཡང་། ད་དུང་ལེགས་བཅོས་འོས་པའི་སྐྱོན་ལྡན་སྲིད། བཀོལ་ཐེངས་བརྒྱ་ལ་ཕྱིན་པའི་ཐབས་མཆོག་ཅིག་ཡིན་ཡང་། ད་དུང་འཐུས་ཇེ་ཚང་དང་ལྷུ་ཇེ་འགྲིག་ཏུ་གཏོང་འོས་པའི་གནས་མཆིས་ངེས་པས། སློབ་སྦྱོང་གི་མཚམས་བཅད་པ་ཡིན་ན། ང་ཚོ་ལ་གོང་འཕེལ་གྱི་ཉིན་མོ་ཞིག་ཡོད་མི་སྲིད།

༤.འཁང་ར་བརྒྱ་ལས་བརྩོན་པ་གཅིག་དགའ།

ནམ་ཡང་གཞན་གྱི་ནོར་འཁྲུལ་ལ་འཁང་ར་རྐྱང་བ་བྱས་ན་དགེ་མཚན་གྱི་འབྲས་བུ་ཏིག་ཙམ་ཡང་འབྱུང་མི་སྲིད་ལ། འཁང་ར་བྱས་ནས་དོན་འགྲུབ་པའི་དཔེ་ཞིག་མེད་པ་ལས་རང་ཉིད་ཀྱི་རྣམ་པ་ཇེ་སྡུག་ཇེ་ཞན་གྱི་རྒྱུ་རུ་འགྱུར་ཉེན་ཆེ་བས། རང་ཉིད་ཀྱི་སེམས་ཁམས་དང་རྣམ་འགྱུར་ལ་ཚོད་བགམ་གྱིས་ཁ་ལོ་བསྒྱུར་ཏེ། ཡར་སྐུལ་བརྩོན་ལེན་གྱི་རྣམ་པ་ཡིས་གནས་སྐབས་ཀྱི་དཀའ་སྡུག་ལས་ཐར་བར་འབད་དགོས།

༥.གཞན་གྱི་གདེང་འཇོག་གིས་ཁ་ལོ་བསྒྱུར་དུ་མ་གཞུག།

མི་བུ་རེ་རེ་ནི་ཐུན་མིན་གྱི་སྒེར་གཤིས་གསལ་ཞིང་རང་ཚུགས་མངའ་ལ། གཅིག་ལས་གཉིས་མེད་པའི་མི་བུ་རེ་རེ་ཡིན་པས། གཞན་གྱི་སྨྲ་བརྗོད་ཀྱིས་ཁྱོད་ཀྱི་གདམ་ཀ་ལ་དབང་བསྒྱུར་དུ་མ་གཞུག གཞན་གྱི་གདེང་འཇོག་གིས་ཁྱོད་ཀྱི་ཐག་གཅོད་ལ་བར་ཆད་བཟོ་རུ་མ་གཞུག། དོན་ལ་འཕྲད་དུས་ཁྱོད་ཀྱིས་གཞན་གྱི་བསམ་ཚུལ་ལ་ཉན་ཆོག་མོད། དོན་གྱི་ཐག་རང་གིས་གཅད་དགོས་ཏེ། ང་ཚོ་རང་གི་མི་ཚེ་རང་ལ་དབང་ཞིང་། རང་གི་མི་ཚེ་རང་གིས་འགན་འཁུར་དགོས་སོ།

༦.ལྡོག་ཕྱོགས་ཀྱི་བསམ་ཚུལ་ཉུང་དུ་གཏང་དགོས།

ང་ཚོའི་འཚོ་བ་ནི་བྱ་བ་ལམ་འགྲོ་དང་། བདེ་བདེ་སྐྱིད་སྐྱིད་རྐྱང་བས་གྲུབ་པ་ཞིག་་མིན་ཕྱིར། ང་ཚོ་མི་སུ་དང་གང་ཡིན་རུང་ངལ་དུབ་དང་། ཡིད་མུག མཐའ་ན་བློ་ཕམ་ཡིད་ཆད་ཀྱི་དུས་སྐབས་ཤིག་ཡོད་ངེས་པ་རེད། ཡིན་ནའང་དེ་དུས་ལྡོག་ཕྱོགས་ཀྱི་བསམ་ཚུལ་གྱི་རུལ་འདམ་དུ་ལྷུང་ནས་རང་དམའ་རང་འབེབས་དང་རང་སྡུག་བྱེད་མི་ཉན་ཏེ། ལྡོག་ཕྱོགས་ཀྱི་བསམ་ཚུལ་ཅི་ཙམ་གྱིས་མང་དྲགས་ན་དེ་ཙམ་གྱིས་ལམ་དུ་མི་འགྲོ་བ་དང་། ཉིད་ཀྱི་མདུན་སྐྱོད་ཀྱི་བཀག་རྡོ་རུ་འགྱུར་ཉེན་ཆེ།

༧.རེ་བ་བཙན་འདོན་སྤངས་ནས་གུ་ཡངས་གཏོང་བ།

མི་དང་མིའི་བར་གྱི་འགྲོགས་འདྲིས་ནི་དོན་དམ་པར་ཕན་ཚུན་བཟོད་སྒོམ་དང་གུ་ཡངས་ཀྱིས་བསྐྱེད་དགོས་པ་རེད། འབྲེལ་བ་ཅི་འདྲ་ཞིག་ཡིན་རུང་ཕན་ཚུན་སྤྲོ་པོ་ཡོང་བ་ལས་གལ་ཆེན་རང་བཞིན་ཞིག་མེད། ཕ་རོལ་བ་དེ་རང་སེམས་ཚིམ་པའི་མི་ཞིག་ཏུ་བསྒྱུར་བའི་བསམ་ངན་རྒྱང་དུ་སྤྱུགས་ནས་གུ་ཡངས་ཀྱི་སེམས་རྒྱ་བཀྱེད་དགོས། དོན་དངོས་ཀྱི་འབྲེལ་བ་བཟང་པོ་ནི་ཕན་ཚུན་གྱི་བཟང་སྐྱོན་གཉིས་ཀ་དང་ལེན་ཐུབ་པའི་འབྲེལ་བ་དེའོ།།

༨.ཁེ་སྤོགས་ཀྱི་འདོད་རྔམ་སྤང་རྒྱུ་ནི་ཀུན་སྤྱོད་ཀྱི་གཞི་རྩ་ཡིན།

ཁེ་སྤོགས་མི་དམིགས་པ་ནི་ཀུན་སྤྱོད་དང་། གུས་ལ་གུས་ལན་འབུལ་བ་ནི་སྤུས་ཚད་ཡིན་ཞེས་པ་ལྟར། ཁྱོད་ཀྱིས་ཁེ་སྤོགས་ཅི་ཙམ་གྱིས་དམིགས་ན་གྱོང་ཁ་དེ་ཙམ་གྱིས་ཆེ་བ་རེད། མི་སུ་ཡིན་ཡང་དོན་ཆུང་ལ་རྩེག་རྩེག་བྱེད་མཁན་དང་མཉམ་དུ་ལས་སྒྲུབ་བྱེད་པར་དགའ་མི་སྲིད་ལ། གཡོ་སྒྱུ་ཐལ་དྲགས་བྱེད་པའི་མི་དང་འབྲེལ་འདྲིས་བྱེད་པར་དེ་བས་ཀྱང་དགའ་མི་སྲིད། གལ་ཏེ་གཞན་གྱི་ཁེ་སྤོགས་དམིགས་པ་གོམས་ལོབ་ཏུ་གྱུར་ན། རང་གི་མི་ཚེའི་ལམ་བུ་ཇེ་དོག་ཇེ་འགག་ཏུ་འགྲོ་བ་ནི་བསྙོན་མེད་དོ།

༩.གཞན་གྱི་ཡིད་རྟོན་ནི་ཆེས་ནོམ་པའི་འབྱོར་བ་ཡིན།

གཞན་དང་འབྲེལ་འདྲིས་བྱེད་སྐབས། ཆེས་འཛེམ་པ་ནི་ཡིད་རྟོན་མེད་པ་དེ་རེད། དོན་ཆེ་ཆུང་ཅི་ཡིན་རུང་ཕོ་རབ་ཚིག་ཐོག་དང་། འཕར་བ་རྗེས་ཐོག་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་སྟེ། དམ་པས་མང་པོ་ཁས་འཆེས་མི་བྱེད་ལ། ། གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན། ། རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་དུ། ། ཤི་ཡང་གཞན་དུ་འགྱུར་བ་མ་ཡིན་ནོ། །ཞེས་པ་ལྟར། གལ་ཏེ་ཁྱོད་ཀྱིས་ཁས་བཤད་ལག་བསྟར་མ་ཐུབ་ན། ཁྱོད་ཀྱིས་ཤོར་ཟིན་པ་ནི་གཞན་གྱི་ཡིད་རྟོན་ཁོ་ན་མ་ཡིན་ལ། དེ་དང་བསྟུན་ནས་གོ་སྐབས་གང་མང་ཞིག་ཀྱང་འཆོར་ངེས་པའོ།།


  • ལེ་ཚན་སྔོན་མ།:ལས་ཀྱི་འཆལ་མགུར།
  • ལེ་ཚན་རྗེས་མ།:ཕ་ཡུལ་གྱི་གཞིས་ཀ་དང་ཨ་ཕ།