ན་གཞོན་དུས་ཚོད་དམ་དུ་འཛིན།

ལྷ་ལུང་ཀརྨ་ཤེས་རབ།        2023-01-11

ངག་རྒྱུན་དུ་མི་དེ་མི་ཚེ་རིང་ན་དགའ། གོས་དེ་གོས་ཚེ་ཐུང་ན་དགའ་ཟེར་བ་ཡོད་རུང་བཀོས་པའི་ལས་ལ་བྲོས་ནས་མཐར་པ་མེད་ཅིང་དཔྲལ་བའི་གཉེར་མ་ཕྱིས་ནས་དག་ཐབས་མེད། ང་ཚོ་སྲོག་ལྡན་འགྲོ་བ་མི་ལ་དབང་བ་ནི་བྱིས་དུས་དང་ན་གཞོན། དར་མ། རྒན་གོག་བཅས་ཀྱི་ལང་ཚོའི་དུས་བཞི་ཡིན་ཞིང་། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཆེན་པོ་བཞི་ལས་གཡོལ་དུ་མེད་པས་ང་ཚོར་ཐོབ་པའི་རིན་ཆེན་མི་ལུས་འདི་དོན་ཆུང་སྟོང་ཟད་དུ་མ་ཤོར་བར་མི་ཚེ་དོན་དང་སྙིང་པོས་ཕྱུག་པ་ཞིག་དགོས་གལ་ཤིན་དུ་ཆེ།

གཅིག་ནས་རང་གིས་རང་ཉིད་ལ་ཡིད་ཆེས་འདང་ངེས་ཤིག་ཡོད་དགོས། གལ་ཏེ་རྒྱུ་ནོར་གྱིས་ཕོངས་ཤིང་གཟུགས་དང་དབང་པོ་མི་ཚང་བ། ཁ་སྒོ་སྐྱེ་འབྲས་མི་མཚར་བ་ཞིག་ཡིན་ན། རང་ཉིད་ནི་རྩལ་མེད་ནུས་ཆུང་ཞིག་ཡིན་སྙམ་བཞིན་བག་ལ་ཁུམས་ཏེ་ན་གཞོན་གྱི་དུས་ཚོད་འཕྲོ་བརླགས་སུ་བཏང་ནས་ཤེས་བྱ་རིག་གནས་མ་བསླབ་ན་ལོ་ན་རྒས་དུས་འགྱོད་པའི་གླིང་དུ་སྐྱེལ་སྲིད་པས། དཀའ་ཁག་དང་ཞན་ཆ་གང་ཞིག་ལའང་མ་འཛེམས་པར་འབད་པས་རྒྱལ་ཁ་བསུ་བར་འབུངས་དགོས། ཚང་མས་མཁྱེན་གསལ་ལྟར། མཚོན་རྣོ་པོ་ཀོ་ཤུབ་ནང་ལའང་ཡོད་། ཕོ་རྒོད་པོ་སློག་རུལ་ནང་ལའང་ཡོད་ཟེར་བ་དང་། ཕྱུག་པོའི་སྟ་རེ་ཡང་ལྕགས། སྤྲང་པའི་ཁབ་ཀྱང་ལྕགས་ཡིན་ཞེས་པའི་དཔེ་བཞིན་རྗེ་བཙུན་མི་ལ་རལ་པ་ཡང་ཨ་ཁུ་དང་ཨ་ནེའི་བརྙས་བཅོས་སྡུག་རྩུབ་འོག་དཔའ་མ་ཞུམ་པར་ཡིད་ཆེས་ཀྱིས་མཐུ་རྩལ་བློ་རུ་བཅུག་སྟེ་བརྩོན་འགྲུས་དང་སྒྲོག་པའི་མཐར། ཚེ་གཅིག་ལུས་གཅིག་གི་རྫོགས་སངས་རྒྱས་པ་ནི་རྫུན་གྱིས་མ་སྦག་པའི་དཔེ་མཚོན་གསོན་པོ་ཞིག་རེད།

གཉིས་ནས་རང་ལ་དབང་བའི་དུས་ཚོད་དམ་འཛིན་གྱིས་སེམས་ཆུང་ངང་རིག་གནས་སློབ་དགོས། ཉོན་རྨོངས་དུག་གསུམ་གྱི་དབང་དུ་ཤོར་ཏེ་སྐབས་འཕྲལ་གྱི་བདེ་བ་ལ་ཆགས་ཤིང་ཡོན་ཏན་ཆུང་ངུར་ང་རྒྱལ་ཕྲག་དོག་མ་བྱས་པར་གཞོན་ནུའི་དུས་སུ་རིག་གནས་སྦྱང་རྒྱུ་ནི་གལ་ཤིན་དུ་ཆེ་བ་ཞིག་རེད། གལ་ཏེ་རྒྱལ་ཁ་དང་སོ་སོའི་བརྩོན་འགྲུས་གྱི་དབར་འབྲེལ་བ་མེད་སྙམ་པའམ་ཡང་ན་སོ་སོའི་ལུས་པོ་གོས་ཀྱིས་དྲོད་ཅིང་། གྲོད་པ་ལྟོ་ཡིས་རྒྱགས་ཀྱི་འདུག་བསམ་ནས་ཤ་དར་ཁྲག་དར་གྱི་དུས་སུ་བརྩོན་འགྲུས་ཀྱི་བགྱི་བ་སྔོན་དུ་མ་བཏང་བར་ལས་ལ་མི་བརྩོན་ཆང་ལ་དགའ་ཞིང་། སང་གི་བྱ་བ་གནངས་ལ་བསྐྱལ་ཏེ་ཡིད་བཞིན་ནོར་བུ་དང་མཚུངས་པའི་གཞོན་ནུའི་དུས་ཚོད་བརླག་པར་བྱས་ན། ཡོན་ཏན་ནམ་དོན་གྱི་སྙིང་པོ་ལྡན་པའི་འབྲས་བུ་ཐོབ་པར་དཀའ་བས། ལོ་གསུམ་སྡོད་པའི་ཚེ་ལས་མེད་ཀྱང་། ལོ་བརྒྱ་འདང་བའི་ཡོན་ཏན་དགོས་ཞེས་པའི་གནའ་གཏམ་འདི་མི་ཞིག་གིས་ཡོན་ཏན་སྦྱོང་བའི་མི་ཚེའི་བླང་བྱ་ཞིག་ཏུ་བརྩིས་ནས་ཕ་ལས་བུ་འཇོན་པ་དང་། བུ་ལས་ཚ་བོ་འཇོན་པ། ཚ་བོ་ལས་ཡང་ཚ་འཇོན་པའི་སེམས་ཤུགས་ཤིག་ངེས་པར་དུ་སྐྱེད་དགོས། ཡོན་ཏན་མེད་པའི་མི་དེ་ནི་དྲི་མ་མེད་པའི་མེ་ཏོག་འདྲ་ཟེར་བའི་གཏམ་ལ་གོ་བ་གཏིང་ཟབ་བླངས་ནས་དམར་ཆུང་རང་སེམས་ཀྱི་ཁ་ལོ་གཅུན་ཏེ་ཤེས་རིག་གི་རྒྱ་མཚོ་ཆེན་པོར་བརྩོན་འགྲུས་ཀྱི་གྲུ་ཆུང་སྐྱ་བས་བསྐུལ་ནས་དགོས་འདོད་ཤེས་རིག་གི་ནོར་བུ་ལེན་པར་བྲེལ་དགོས། སྦར་ནང་གི་གསེར་ཟད་ན་བསྔོག་རྒྱུ་དང་ཉོ་རྒྱུ་ཡོད་རུང་། ཡིད་བཞིན་ནོར་ལས་ལྷག་པའི་གཞོན་ནུའི་དུས་ཚོད་དེ་འདས་ཟིན་ན་རླབས་ཆེན་ཚོང་པ་རྣམས་ཀྱིས་ཉོ་བ་དང་། དབང་ཆེན་དཔོན་པོ་རྣམས་ཀྱིས་འཕྲོག་པ། དྲིན་ཅན་ཕ་མ་ཡིས་སྟེར་བ་སོགས་བྱ་ཐབས་མ་ནིང་གི་བུ་བཞིན་མཐོང་དུ་དབེན། སྔོན་དངུལ་ཆུ་དགེ་སློང་དབང་ཕྱུག་ཆོས་བཟང་ལགས་ཀྱིས་ཀྱང་གཞོན་ནུའི་དུས་ཚོད་དམ་འཛིན་གནང་སྟེ་དངུལ་ཆུའི་རི་འདབས་སུ་ལུག་འཚོ་བཞིན་ལྷད་མེད་བརྩོན་འགྲུས་ཀྱིས་རྡོ་དང་ཐལ་བའི་ཐོག་འཛུབ་མོས་ཡི་གེ་བྲིས་ཏེ་ཕྱག་མཛུབ་བརྡོལ་བའི་ལོ་རྒྱུས་ཀྱང་ཡོད། ཁོང་ཡང་ཕྱིས་སུ་ང་ཚོའི་སྤྱི་བོར་བཀུར་བའི་མཁས་པའི་གྲལ་དུ་ཚུད།

ང་ཚོས་སྐྱེས་ཅན་དམ་པ་དག་གི་བརྩོན་འགྲུས་དང་སྙིང་སྟོབས་དཔེ་རུ་བླངས་ཏེ་མེ་ཏོག་དང་མཚུངས་པའི་ན་གཞོན་གྱི་དུས་ཚོད་དམ་འཛིན་ངང་ཤེས་རིག་གི་ཐང་ཆེན་ཡངས་པོར་དཔེ་འཛིན་གྱི་ངལ་བ་མཚམས་སུ་མ་བཞག་པར་ངལ་དང་རྩོལ་བའི་བདེན་ལམ་བགྲོད་རྒྱུ་ནི་གལ་འགངས་ཤིག་ཅིས་ནས་ཀྱང་མ་ཡིན་ནམ།

  • ལེ་ཚན་སྔོན་མ།:མངར་སྐྱུར་འདྲེས་མའི་འཚོ་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།