སི་ཁྲོན་ཞིང་ཆེན2023ལོའི་དུས་ཚིགས་དང་པོའི་ལས་གཞི་གལ་ཆེན་གྱི་ཡུལ་དངོས་སྐུལ་འདེད་བྱེད་སྒོ་ལས་དཀར་མཛེས་ཁུལ་ཡན་ལག་ཚོགས་རའི་བྱེད་སྒོ་སྤེལ།

སྐལ་ཐུབ་ཀྱིས་བསྒྱུར།        2023-01-11

ཉེ་ཆར། སི་ཁྲོན་ཞིང་ཆེན2023ལོའི་དུས་ཚིགས་དང་པོའི་ལས་གཞི་གལ་ཆེན་གྱི་ཡུལ་དངོས་སྐུལ་འདེད་བྱེད་སྒོ་ལས་དཀར་མཛེས་ཁུལ་ཡན་ལག་ཚོགས་རའི་བྱེད་སྒོ་ལྕགས་ཟམ་རྫོང་དུ་སྤེལ་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་གིས་དཀར་མཛེས་ཁུལ2023ལོའི་དུས་ཚིགས་དང་པོའི་ལས་གཞི་གལ་ཆེན་དངོས་སུ་འཛུགས་སྐྲུན་བྱེད་འགོ་བཙུགས་པ་ཁྱབ་བསྒྲགས་གནང་བ་དང་། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཏེང་ལི་ཅུན་གྱིས2023ལོའི་དཀར་མཛེས་ཁུལ་གྱི་དུས་ཚིགས་དང་པོའི་ལས་གཞི་གལ་ཆེན་འཛུགས་སྐྲུན་གནས་ཚུལ་བརྡ་ཁྱབ་གཏོང་བ་དང་འབྲེལ་གསུང་བཤད་གནང་བ་རེད།

ཐེངས་འདིའི་བྱེད་སྒོ་ནི་ཞིང་ཆེན་དང་དུས་མཉམ་དུ་སྤེལ་བ་དང་། ཀྲུང་དབྱང་དང་ཞིང་ཆེན་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བའི་བྱ་སྤྱོད་དངོས་ཡིན་ཞིང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་དཔལ་འབྱོར་འགྲན་གཉེར་བྱས་ནས་འཛུགས་སྐྲུན་བྱེད་པ། འཕེལ་རྒྱས་དོན་དུ་གཉེར་བའི་དུང་བརྡ་བཏང་བ་རེད།

གྲོས་ཚོགས་ཐོག་རིམ་ཁག་དང་སྡེ་ཁག་གིས་ལས་གཞི་སྐྲུན་ཡུལ་ནི་གཡུལ་ས་ཡིན་པ་དང་། ལས་གཞིའི་ཡུལ་དངོས་ནི་རྒྱུགས་ར་ཡིན་པའི་འདུ་ཤེས་བརྟན་པོར་བཅངས་ནས། འགོ་བཙུགས་པ་ནི་རྟིང་རྒྱུག་ཡིན་ལ་འགོ་བཙུགས་པ་ནི་མཇུག་འགྲན་ཡིན་པའི་འཕེལ་ཕྱོགས་སྲུང་བ་དང་། འགྲན་རྩོད་འཐབ་གསུམ་སྔོན་དུ་འཇོག་ཅིང་སྒྲུབ་པ་གནད་དུ་འཛིན་ཅིང་། མྱུར་ཚད་མགྱོགས་སུ་བཏང་སྟེ་ལས་གཞིར་ལས་དོན་སྒྲུབ་ཚད་དང་དངོས་པོ་འབྱོར་ཚད། མ་དངུལ་འཇོག་ཚད་དེ་བས་མང་པོ་ཡོང་ཐུབ་པ་ཁག་ཐེག་བྱས་ཤིང་། ནུས་ཤུགས་ཡོད་རྒུས་ལས་གཞི་འཕྲོག་རྩོད་དང་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ། དམངས་འཚོར་ཕན་པ་བསྐྲུན་དགོས། ལས་གཞི་ཨར་སྐྲུན་སྡེ་ཚན་གྱི་ལས་གཞིའི་འཕེལ་རིམ་མྱུར་འཛིན་དང་སྤུས་ཚད་འགན་ལེན་བྱས་ནས་ཕན་འབྲས་ཆེ་རུ་གཏོང་བ་དང་། ཉེན་མེད་འགན་སྲུང་། སྐྱེ་ཁམས་སྲུང་སྐྱོང་། དོ་དམ་ལ་ཤུགས་བསྣན་ཏེ། ལས་གཞི་སྔར་ཙམ་གྲུབ་པ་དང་ཐོན་སྐྱེད་སྔར་ཙམ་ཐུབ་པ། ཕན་འབྲས་སྔར་ཙམ་ཐོན་དགོས་པའི་བླང་བྱ་བཏོན་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཁུལ་ཡོངས་ཀྱི2023ལོའི་དུས་ཚིགས་དང་པོའི་ལས་གཞི་གལ་ཆེན་གྱི་ཡུལ་དངོས་སྐུལ་འདེད་བྱེད་སྒོར་ལས་གཞི40དང་འབྲེལ་བ་ཡོད་ཅིང་། དེའི་ནང་ལྕགས་ཟམ་རྫོང་གྲོང་གསར་གྱི་ཕྱོགས་འདུས་སྦུག་ལམ་དང་ལེ་ལག་ཆ་འགྲིག་སྒྲིག་ཆས་འཛུགས་སྐྲུན་ལས་གཞི། ལྕགས་ཟམ་རྫོང་ཐོན་གྲོང་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ལས་གཞི། རྒྱལ་སྲུང་གཞུང་ལམ318པ་སྤུས་རིམ་སྤར་བའི་བཟོ་བཅོས་ཨར་ལས་ཏེ་ཉག་ཆུ་རྫོང་ནས་འབའ་ཐང་བར་དང་། ཉག་ཆུ་རྫོང་མཁར་ནུབ་ཕྱོགས་ནས་ར་མལ་ལའི་བར་དང་། དུང་དཀར་ལུང་པའི་ལྗོངས་ཁུལ་གྱི་འགྲོ་ལམ་གནོད་རྗེས་བསྐྱར་འཛུགས་ཨར་ལས་ཏེ་འབོ་ཞབས་ནས་སྒར་ས་གསུམ་པའི་བར་སོགས་ཀྱི་ལས་གཞི་ཁོངས་སུ་གཏོགས་པ་དང་། ལས་གཞིར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར117.026གཏང་རྒྱུ་ཡིན་ལ། སྔོན་དཔག་བྱས་ན་ལོ་འཁོར་རེའི་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར55ཡིན་པ་རེད།།

འབྲེལ་ཡོད་མི་སྣ་བྱེད་སྒོར་ཞུགས་ཡོད།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10