ཁུལ་བོད་རིག་པ་ཞིབ་འཇུག་ཁང་གིས་ཆེད་མཁས་པའི་ཇ་སྟོན་ཚོགས་འདུ་འཚོགས།

དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་ནས།        2023-01-11

   སྤྱི་ཟླ་དང་པོའི་ཚེས10ཉིན་གྱི་ཕྱི་དྲོར།དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གིས2023ལོའི་སྤོས་ལྡན་གྲོང་ཁྱེར་དུ་ཡོད་པའི་བོད་རིག་པའི་ཆེད་མཁས་པའི་དཔྱིད་གསར་དུས་ཆེན་གྱི་ཇ་སྟོན་ཚོགས་འདུ་འཚོགས་པ་རེད། དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གི་མགོ་གཙོ། དཀར་མཛེས་ཁུལ་རྩོམ་སྒྱུར་ལྟེ་གནས་ཀྱི་ཀྲུའུ་རེན་འཇིགས་མེད་རྡོ་རྗེ་དང་ལྷན་ཕེབས་བཅས་ཀྱིས་རྒྱལ་ཡོངས་ཀྱི་ཡུལ་ཕྱོགས་ཁག་ནས་ཕེབས་པའི་བོད་རིག་པའི་མཁས་དབང60ལྷག་དང་མཉམ་དུ་འབྱུང་འགྱུར་གྱི་བོད་རིག་པའི་འཕེལ་རྒྱས་སྐོར་ལ་གླེང་མོལ་གང་ལེགས་མཛད།

   ཇ་སྟོན་ཚོགས་འདུའི་ཐོག་སི་ཁྲོན་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཁང་གི་མགོ་གཙོ་ཀྲོའུ་ཞིང་ཁྲའོ་ཡིས་བོད་རིག་པའི་ཆེད་མཁས་པ་ཡོངས་ཀྱི་ཚབ་བྱས་ནས་ཤིས་ཚིག་ཕུལ་བ་དང་། ཁོས་འདས་ཟིན་པའི་ལོ་གཅིག་ནང་ང་ཚོས་ཏང་གི་གྲོས་ཆོད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་འོག་སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་དང་། དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས། དམངས་འཚོ་རྒྱུན་མཐུད་ལེགས་གཏོང་།སྐྱེ་ཁམས་རྒྱུན་མཐུད་ལེགས་གཏོང་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཞིང་། དཀར་མཛེས་ཁུལ་གྱི་བོད་རིག་པའི་བྱ་གཞག་འཕེལ་རྒྱས་ལའང་སྔར་བྱུང་མྱོང་མེད་པའི་རྣམ་པ་ཐོན་ཡོད།2023ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་འགོ་ཚུགས་པའི་ལོ་ཞིག་ཡིན་ལ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་འགོ་འཛུགས་པའི་ལོ་ཞིག་ཀྱང་ཡིན་པས་འདིར་བཞུགས་པའི་ཆེད་མཁས་པ་ཚོས་མིག་དཔེའི་སྟོབས་ཤུགས་འདོན་སྤེལ་དང་།ཐབས་འདོན་ཇུས་འདོན།ལྟ་སྐུལ་མཛུབ་ཁྲིད་མང་ཙམ་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག།ཞི་མཐུན།མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་གསར་པ་བསྐྲུན་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུའི་རེ་བ་ཡོད་ཅེས་བཤད།

   ཇ་སྟོན་ཚོགས་འདུའི་ཐོག་མགོ་གཙོ་འཇིགས་མེད་རྡོ་རྗེས་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་དང་རྩོམ་སྒྱུར་ལྟེ་གནས་ཀྱི་ཚབ་བྱས་ནས་ལོ་མང་རིང་དཀར་མཛེས་ཀྱི་བོད་རིག་པ་འཕེལ་རྒྱས་གཏོང་བའི་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་མཁས་དབང་ཡོངས་ལ་བྱམས་བརྩེའི་འཚམས་འདྲི་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་། 2022ལོར་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཕྱིར་དྲན་བྱས་པར་མ་ཟད། 2023ལོར་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གིས་ཁུལ་ཨུ་དང། ཁུལ་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་དང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཞིང་ཆེན་ཏང་ཨུའི་བོད་འབྲེལ་གཞུང་ལས་ཁང་།ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཁང་།ཞིང་ཆེན་གནའ་དཔེ་གཞུང་ལས་ཁང་། ཞིང་ཆེན་དམངས་ཞིབ་ཁང་།མི་རིགས་དུས་དེབ་ཁང་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་མཛུབ་ཁྲིད་རོགས་རམ་འོག། རྒྱལ་ཡོངས་ས་གནས་ཁག་གི་བོད་རིག་པའི་ཆེད་མཁས་པ་དང་མཁས་དབང་ཚོའི་རྒྱབ་སྐྱོར་ཤུགས་ཆེན་འོག་སེམས་ཤུགས་གཅིག་སྒྲིལ།མཛེས་སྡུག་མཉམ་གནས།བོད་འབྲེལ་ས་ཁུལ་གྱི་རྩེར་སོན་རིག་མཛོད་ཀྱི་ནུས་པ་འདོན་སྤེལ་བྱེད་ཅིང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གསར་པ་དང་བསམ་བློ་གསར་པ་རྣམས་བོད་རིག་པ་ཞིབ་འཇུག་གི་ཞིབ་ཕྲའི་ལས་ཀའི་ནང་སྤྱད་དེ།དཀར་མཛེས་ཀྱི་བོད་རིག་པ་ཞིབ་འཇུག་གི་ལས་དོན་ཡག་པོ་སྒྲུབ་པ་དང་། དཀར་མཛེས་ཀྱི་གཏམ་རྒྱུད་ཡག་པོ་བཤད་པ། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་བ་བཅས་བྱས་ནས། དཀར་མཛེས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་རིག་གཞུང་ཚན་ཞིབ་ཀྱི་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད།

   ཇ་སྟོན་ཚོགས་འདུའི་ཐོག་གང་བསམ་ལྷུག་གླེང་དང་། གླུ་ལེན་གར་རྩེད་བྱས་ནས་དུས་ཆེན་གྱི་སྤྲོ་བའི་རྣམ་པ་ཕུན་སུམ་ཚོགས་པ་མངོན། ད་ཐེངས་ཀྱི་ཇ་སྟོན་ཚོགས་འདུ་འདིས་སྤོས་ལྡན་གྲོང་ཁྱེར་དུ་བཞུགས་པའི་རྒྱལ་ཡོངས་ཀྱི་བོད་རིག་པའི་ཆེད་མཁས་པ་ཚོར་སྤྲོ་སྣང་དང་བག་ཕེབས་ཀྱི་སྤེལ་རེས་བྱ་ཡུལ་ཞིག་བཏོད་པས་ཁོ་ཚོར་དགའ་ཚོར་ཆེན་པོ་བྱུང་ཞིང་། དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་དང་ཆེད་མཁས་པའི་བར་གྱི་བརྩེ་དུང་ཇེ་ཟབ་ཏུ་ཕྱིན་ཡོད་ལ། 2023ལོར་དཀར་མཛེས་བོད་རིག་པ་ཞིབ་འཇུག་དང་རྩོམ་སྒྱུར་བྱ་གཞག་མུ་མཐུད་འཕེལ་རྒྱས་འགྲོ་བར་ཡིད་ཆེས་དང་མཛེས་སྡུག་ལྡན་པའི་འགོ་ཡག་པོ་ཞིག་ཚུགས་ཡོད།

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ལས་བྱེད་པ་རྒན་གྲས་ཀྱི་དཔྱིད་བསུ་ཇ་སྟོན་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:ཁུལ་མགོ་ཁྲིད་ཚོས་ཁུལ་སྐྱོར་ལས་བྱེད་པའི་འཐུས་མིར་འཚམས་འདྲི་གནང་།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10