རང་ཁུལ་གྱིས་ལས་བྱེད་པ་རྒན་གྲས་ཀྱི་དཔྱིད་བསུ་ཇ་སྟོན་ཚོགས་འདུ་འཚོགས།

ཐུབ་ཀྱིས་བསྒྱུར།        2023-01-10

   དཔྱིད་གསར་དུས་ཆེན་དང་བོད་ཆུ་ཡོས་ལོ་སར་འཆར་ཉེར་ཡོད་པའི་སྐབས། སྤྱི་ཟླ་དང་པོའི་ཚེས8ཉིན། དཀར་མཛེས་ཁུལ་གྱི་ལས་བྱེད་པ་རྒན་གྲས་ཚོའི་དཔྱིད་གསར་དུས་ཆེན་གྱི་ཇ་སྟོན་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་ཕིང་སོགས་ཁུལ་མགོ་ཁྲིད་དང་བློ་མཐུན་རྒན་གྲས་དང་ལས་བྱེད་པ་རྒན་གྲས་ལྷན་དུ་འཛོམས་ནས་འཕེལ་རྒྱས་སྐོར་གླེང་ལོ་གསར་པར་རྟེན་འབྲེལ་ཞུ་བ་དང་། དཀར་མཛེས་ཁུལ་གྱི་འབྱུང་འགྱུར་མཛེས་སྡུག་ལྡན་པར་རྒྱང་ལྟ་གནང་བ་རེད།

རང་ཁུལ་གྱིས་ལས་བྱེད་པ་རྒན་གྲས་ཀྱི་དཔྱིད་བསུ་ཇ་སྟོན་ཚོགས་འདུ་འཚོགས།

  ཧྲེན་དབྱང་གིས་ཁུལ་ཨུ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚབ་མཛད་དེ་བློ་མཐུན་རྒན་གྲས་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་། གུས་འདུད་བླ་ན་མེད་པ་ཞུས་པར་མ་ཟད། ཁོང་ཚོ་བརྒྱུད་དེ་ཁུལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་དང་དེ་བཞིན་ཁོང་ཚོའི་ནང་མིར་དཔྱིད་གསར་དུས་ཆེན་ལ་བཀྲ་ཤིས་སྨོན་འདུན་དང་འཚམས་འདྲི་ཟོལ་མེད་གནང་བ་རེད། ཁོང་གིས་འདས་ཟིན་པའི་ལོ་གཅིག་ནང་དོན་ཆེན་དང་བཀྲ་ཤིས་པའི་བྱ་བ་མང་བ་དང་། ཛ་དྲག་དང་དཀའ་གནད་ཆེ་བའི་བྱ་བ་ཡང་མང་པོ་ཡོད་ལ། དེ་ནི་དཀར་མཛེས་ཁུལ་འཕེལ་རྒྱས་ཀྱི་ལོ་རྒྱུས་སུ་དཀའ་ལས་ཆེས་ཆེ་བ་དང་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། དཀར་མཛེས་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྙིང་དོན་སློབ་སྦྱོང་དང་དོན་འཁྱོལ་ནན་ཏན་བྱས་ཤིང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་དང་ཞིང་ཨུའི་བོད་འབྲེལ་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཡོད། དཀའ་ངལ་སྣ་ཚོགས་མཉམ་དུ་འདུས་པ་དང་། འགལ་བ་མང་པོ་མཉམ་དུ་འདྲེས་པ། འགྲན་སློང་མང་པོ་མཉམ་དུ་གནས་པའི་ཉམས་སད་ཆེན་པོར་ཁ་གཏད་ཟབ་བརླིང་བཅལ་ཏེ། སྤྱི་ཚོགས་རྒྱུན་མཐུད་དེ་བརྟན་ལྷིང་དང་། དཔལ་འབྱོར་རྒྱུན་མཐུད་དེ་འཕེལ་རྒྱས། དམངས་འཚོ་རྒྱུན་མཐུད་དེ་ལེགས་ཕྱིན། སྐྱེ་ཁམས་རྒྱུན་མཐུད་དེ་ལེགས་འགྱུར་གྱི་རྣམ་པ་བཟང་པོ་སྲུང་འཛིན་ཐུབ་ཡོད། གྲུབ་འབྲས་འདི་དག་ཐོབ་པའི་ཁྲོད་དུ་བློ་མཐུན་རྒན་གྲས་དང་ལས་བྱེད་པ་རྒས་གྲས་རྒྱ་ཆེན་གྱི་བློ་རིག་དང་སྟོབས་ཤུགས་འདུས་ཡོད།2023ལོ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་སྐྲུན་འགོ་ཚུགས་པའི་ལོ་ཞིག་ཡིན་པས་དཀར་མཛེས་ཁུལ་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པའི་འགན་འཁྲི་ལྕི་ཞིང་ལས་འགན་གཟི་བརྗིད་ལྡན། བློ་མཐུན་རྒན་གྲས་དང་ལས་བྱེད་པ་རྒས་གྲས་རྒྱ་ཆེན་གྱིས་ལས་འཁྱུར་ངལ་གསོ་ཚར་ཡང་རང་གཤིས་མི་འགྱུར་བ་དང་། ལས་གནས་ནས་བྲལ་ཡང་བསམ་པ་མི་འགྱུར་བའི་་སྙིང་སྟོབས་མུ་མཐུད་དེ་དར་སྤེལ་བཏང་ནས། ཆབ་སྲིད་ལ་ཆ་རྒྱུས་ཆེ་ཞིང་། ལས་སྒྲུབ་ཀྱི་མྱོང་བ་ཟབ་ལ། ཉམས་མྱོང་ཕུན་སུམ་ཚོགས་པའི་ལེགས་ཆ་བཏོན་ཏེ་སྔར་བཞིན་སེམས་ཁུར་དང་རྒྱབ་སྐྱོར་མང་ཙམ་དང་། ཐབས་དང་ཇུས་འདོན་མང་ཙམ། ལྟ་སྐུལ་དང་དྲན་སྐུལ་མང་ཙམ་བྱས་ཏེ་མཐུན་སྒྲིལ་དང་། ཕྱུག་འབྱོར། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་རེ་བ་ཡོད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཞིབ་ཚགས་ངང་བསྒྲུབས་ནས་ཆབ་སྲིད་ཀྱི་ཐོབ་ཐང་དང་འཚོ་བའི་ལྟ་སྐྱོང་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཏེ། ཚང་མའི་འཚོ་བ་སྔར་བས་བདེ་ཞིང་སྐྱིང་པ་ཡོང་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

  ཚོགས་འདུར་ཧྥུང་ཧྥ་ཀུའེ་ཡིས2022ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། དྲི་མེད་དང་། ལིའུ་ཁྲང་ཙེ། ཉིང་ཧྲའོ་ཝུའུ། ལི་ཆི་ཧྥུ་སོགས་ལས་བྱེད་པ་རྒན་གྲས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་ནས་ཁུལ་ཡོངས་ཀྱི་བསྒྱུར་བཅོས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཚང་མས་འབྱུང་འགྱུར་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་ཡིད་ཆེས་དང་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། མུ་མཐུད་ནས་རང་ནུས་བཏོན་ཏེ་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་སེམས་ཁུར་དང་། དོ་ཁུར། རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། སེམས་ནུས་གཅིག་སྒྲིལ་དང་དོགས་སེལ་བློ་འགུགས། མཐུན་སྒྲིལ་ཟབ་སྤེལ་གྱི་ལས་དོན་མང་ཙམ་བསྒྲུབས་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་ཆེད་ནུས་ཤུགས་གདོན་རྒྱུ་ཡིན་ཞེས་གསུངས་པ་རེད།

   ཁུལ་མགོ་ཁྲིད་མ་ཁྲང་ཞིན་དང་ཡོན་མིང་ཀོང་། ཁུལ་ཨུའི་ལས་བྱེད་རྒན་གྲས་ཅུས་ཀྱི་འབྲེལ་ཡོད་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།།

  • ལེ་ཚན་སྔོན་མ།:འགྲན་འཐབ་ཀྱི་ཁོར་ཡུག་འཛུགས་སྐྱོང་བྱས་ནས་འགྲན་འཐབ་ཀྱི་སྒུལ་ཤུགས་བསྣན་ཏེ་འགྲན་འཐབ་ཀྱི་གྲུབ་རྐྱེན་འགན་སྲུང་བྱས་མཐར་འགྲན་འཐབ་ཀྱི་བཀག་རྒྱ་གཏོར་དགོས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།