དམངས་ཆེན་འཐུས་མི་བཞི་ཡིས་གསར་འགོད་པའི་དྲི་བར་ལན་བཏབ།

        2023-01-06

དམངས་ཆེན་འཐུས་མི་བཞི་ཡིས་གསར་འགོད་པའི་དྲི་བར་ལན་བཏབ།

མང་ཚོགས་ཀྱི་རེ་སྒུག་འདེགས་སྐྱོར་བྱས་ནས་དུས་རབས་ཀྱི་འགན་འཁྲི་འཁུར་སེམས་མཚོན་པར་བྱས།

     སྤྱི་ཟླ་དང་པོའི་ཚེས4ཉིན་གྱི་སྔ་དྲོར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི“འཐུས་མིའི་བགྲོད་ལམ”གྱི་ངོས་ནས་གསར་འགྱུར་བཅར་འདྲིའི་བྱེད་སྒོ་དེ་དར་མདོའི་ཟློས་གར་ཁང་དུ་སྤེལ། སུང་ཞའོ་ཅུན་དང་།རྒྱ་ནག་སྐུ་ཕྲེང་བཅུ་བཞི་པ།ཧྥན་ཁྲུའུ་ཡུན།གཡང་དྲུང་ཚེ་རིང་བཅས་ས་ཁུལ་མི་འདྲ་བ་དང་ལས་གནས་མི་འདྲ་བ་ནས་འོངས་པའི་ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི4ཡིས་ཡུལ་དངོས་སུ་ཞིང་ཆེན་དང་ཁུལ་གྱི་འཕྲིན་སྦྱོར་གསར་འགོད་པས་དྲི་བར་བཏོན་པར་ལན་བཏབ་པ་རེད།


གནོད་འཚེ་ཐེབས་རྗེས་ཀྱི་ཉམས་གསོ་བསྐྱར་སྐྲུན་གྱི་འགག་སྒྲོལ་ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ།


     “སྤྱི་ཚོགས་ལས་རིགས་ཁག་གིས“སྤྱི་ཟླ9པའི་ཚེས5ཉིན་ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་ནས་འགུལ་འགོག་གནོད་སེལ་བྱས་པའི་ལས་དོན་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ངས་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་ཚབ་ཞུས་ནས་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད། ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ལྕགས་ཟམ་རྫོང་ཨུའི་ཧྲུའུ་ཅི་སུང་ཞའོ་ཅུན་གྱིས་ས་འགུལ་བྱུང་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུདང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག། ལྕགས་ཟམ་རྫོང་གིས་མགྱོགས་མྱུར་དུ་དང་ལེན་བྱས་ནས“མི་དམངས་བླ་ན་མེད་པ་དང་ཚེ་སྲོག་གཙིགས་སུ་བརྩི་བའི”འདུ་ཤེས་རྒྱུན་འཁྱོངས་ནས་ལས་བྱེད་པ་དང་མང་ཚོགས། དེ་བཞིན་ས་གནས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ཀུན་སེམས་གཅིག་སྒྲིལ་དང་ནུས་ཤུགས་ཡོད་རྒུས་འགུལ་འགོག་གནོད་སེལ་བྱས་པ་ཡིན། བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔོན་དམག། མེ་ཟོན་བཀོད་འཐབ་པ། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་རྒྱབ་སྐྱོར་འོག། ལྕགས་ཟམ་རྫོང་གི་གནོད་འཚེ་ཐེབས་པའི་མང་ཚོགས37565ལ་སྨན་བཅོས་ཡག་པོ་བྱས་ཡོད། ས་འགུལ་བྱུང་རྗེས་ཀྱི་ཉིན9ཡི་ནང་རྫོང་ཡོངས་ཀྱི་སློབ་མ་ཁྲི1.7ཚང་མ་བསྐྱར་དུ་སློབ་ཁྲིད་སླར་གསོ་བྱས་པ་དང་ས་འགུལ་བྱུང་རྗེས་ཀྱི་ཉིན25ཡི་ནང་བརྒལ་བཀོད་སྒྲིག་བྱ་ཡུལ་དུ་དུད་ཚང223ཀྱི་གནོད་འཚེ་ཐེབས་པའི་མང་ཚོགས887ལ་འཐུང་ཆུ་དང་ལྟོ་ཆས། གྱོན་ཆས། ཉེན་མེད་སྡོད་ཁང་། སྨན་བཅོས་འགན་ལེན་ཡོད་པའི་རྣམ་པ་མངོན་དུ་གྱུར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

     “ས་འགུལ་བྱུང་རྗེས་ཀྱི་ཉམས་གསོ་བསྐྱར་སྐྲུན་ལས་དོན་གྱི་འཕེལ་རིམ་ཅི་འདྲ་ཡིན་ནམ”ཞེས་དྲིས་སྐབས། འཐུས་མི་སུང་ཞའོ་ཅུན་གྱིས་ལས་གཞི99ཡི་མ་དངུལ་སྒོར་དུང་ཕྱུར54.2བརྩོན་ལེན་བྱས་ཡོད།  མིག་སྔར་བསྐྱར་སྐྲུན་ལས་གཞི་གོ་རིམ་ལྡན་པ་ལག་བསྟར་བྱས་ནས་རྫོང་ཡོངས་ཀྱི་དུད་ཚང7209ཡི་ཉམས་གསོའི་བརྟན་གཏོང་ལས་དོན་ཁྱོན་ཡོངས་ནས་ལས་འགོ་བཙུགས་ནས་ལས་མཇུག་འགྲིལ་ཚད་བརྒྱ་ཆ80ལ་ཟིན། དེ་འཕྲོ་རྣམས(ད་ལོའི)ལུགས་རྙིང་ལོ་གསར་གོང་ཁྱོན་ཡོངས་ནས་ལེགས་སུ་འགྲུབ་རྒྱུ་རེད།  སྡོད་ཁང་བསྐྱར་སྐྲུན་བྱེད་དགོས་པའི་དུད་ཚང3441ལས་འགོ་ཚུགས་ཚད་བརྒྱ་ཆ76.2ལ་ཟིན་ནས་ད་ལོའི་སྤྱི་ཟླ9པར་གཅིག་གྱུར་འཆར་འགོད་དང་གཅིག་གྱུར་འཛུགས་སྐྲུན་ཚང་མ་ལེགས་གྲུབ་ཐུབ་པར་བརྩོན་ལེན་བྱས་དང་བྱེད་བཞིན་ཡོད་ཅེས་ལན་བཏབ་པ་རེད།

     འཐུས་མི་སུང་ཞའོ་ཅུན་གྱིས། གོམ་སྟབས་རྗེས་མའི་ལས་ཀའི་ནང་། ལྕགས་ཟམ་རྫོང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“ལོ་གསུམ་གྱི་བསྐྱར་སྐྲུན་ལས་འགན་ལོ་གཉིས་གཞི་རྩའི་ཆ་ནས་ལེགས་སྒྲུབ་བྱེད་པའི”དམིགས་ཚད་ལ་དམིགས་ཏེ་དུས་རབས་གསར་པའི“ལྕགས་ཐག་ཟམ་པ་སྒྲོལ་བའི”སྙིང་སྟོབས་སྔར་བས་དར་སྤེལ་བཏང་སྟེ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་དམག་འཐབ་ཡག་པོ་མཐའ་གཅིག་ཏུ་བརྒྱབ་ནས་ལྕགས་ཟམ་རྫོང་གི་གེགས་ཁུལ་འདི་ཉིད་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་མཚོན་ཞིག་ཏུ་ཧུར་ཐག་བསྐྲུན་རྒྱུ་རེད།


ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅངས།


     ན་ནིང་ཁུལ་ཨུས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅངས་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི”ལག་ལེན་བྱ་སྤྱོད་སྤེལ་འགོ་བཙུགས་ཡོད། ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། འབའ་ཐང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱ་ནག་སྐུ་ཕྲེང་བཅུ་བཞི་པས་དེར་མྱོང་ཚོར་ཟབ་མོ་བྱུང་ཡོད་པ་རེད། ཁོང་གིས“རང་ཉིད་དངོས་སུ་ལག་ལེན་བྱ་སྤྱོད་དེའི་ནང་ཞུགས་པས་མ་ཚད་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཐོབ་ཐང་ངོས་ནས་རྒྱ་ཆེའི་མང་ཚོགས་ཀྱི་བྱ་སྤྱོད་དེའི་མྱོང་ཚོར་ལ་བདེའདྲི་དང་རྒྱུས་ལོན་བྱས་པ་ཡིན་ཞེས་ལན་བཏབ།

     ཇི་ལྟར་བྱས་ནས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་རྒྱུའི”སྐོར། འཐུས་མི་རྒྱ་ནག་སྐུ་ཕྲེང་བཅུ་བཞི་པས། གཙོ་གནད་ཐོག་ཕྱོགས་གསུམ་ཐད་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ་སྟེ།གཅིག་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མུ་མཐུད་ནས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། མི་རིགས་ཆོས་ལུགས་ལས་དོན་དང་འབྲེལ་བ་ཡོད་པའི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ཆད་ལུས་མེད་པར་དོན་འཁྱོལ་བྱ་དགོས། གཉིས་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་བ་དང་།ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་སོགས་ཀྱི་བརྗོད་བྱ་གཙོ་བོར་དམིགས་ནས་བརྟག་ཞིབ་གཏིང་ཟབ་བྱས་ཏེ་ལས་དོན་ཁྲོད་སྲིད་ཇུས་དྲིལ་བསྒྲགས་བྱ་རྒྱུར་དོ་སྣང་དང་ངོས་འཛིན་གཅིག་མཐུན་ཡོང་བ་བྱས་ནས། གནད་དོན་ལ་ཁ་གཏད་གཅོག་ཕོད་པ་དང་དཀའ་གནད་ཧུར་ཐག་སེལ་དགོས། གསུམ་ནི་རྒྱ་ཆེའི་མང་ཚོགས་དང་ལྷག་པར་དུ་ཆོས་ལུགས་ལས་རིགས་ཀྱི་མི་སྣར་མི་རིགས་མཐུན་སྒྲིལ་གྱི་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་གཏོང་བར་སྣེ་ཁྲིད་ཧུར་ཐག་བྱས་ཏེ་རྒྱལ་ཁབ་ཀྱི་འདུ་ཤེས་དང་།སྤྱི་དམངས་ཀྱི་འདུ་ཤེས།ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཇེ་དྲག་ཏུ་བཏང་ནས་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འགོད་ཀྱི་བློ་མེད་ཀྱི་བསམ་བློ་རྒྱུན་ཆད་མེད་པར་བརྟན་དུ་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་བཟང་པོ་གཏོད་དགོས་ཞེས་ལན་བཏབ་པ་རེད།


ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་རྒྱུན་མཐུད་དང་གཏིང་ཟབ་ཏུ་དྲིལ་བསྒྲགས་བྱ་དགོས།

 

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་དུས་བབ་གསར་པའི་འོག་གི་དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་ཡག་པོ་སྒྲུབ་པའི་ལས་འགན་དང་འགན་འཁྲི་གནང་བ་རེད། ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། དཀར་མཛེས་རྫོང་འཕྲིན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱི་ལས་བྱེད་པ་ཧྥན་ཁྲུའུ་ཡུན་གྱིས་སྣེ་ཁྲིད་དེ་ལས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུའི་སེམས་ཐག་བཅད་པ་རེད། ཁོས་ཕྱོགས་གཅིག་ནས་གསར་འགྱུར་དང་དྲིལ་བསྒྲགས་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་ཁྲིད་ཕྱོགས། རིན་ཐང་གི་ཁ་ཕྱོགས་བཅས་ཚོད་འཛིན་ནན་པོ་བྱས་ཏེ“འཇོན་ཐང་ཆེ་བའི”དམིགས་ཚད་ཕྱོགས་སུ་རྒྱུན་ཆད་མེད་པར་བསྐྱོད་དགོས། ཕྱོགས་གཞན་ཞིག་ནས་རྫོང་རིམ་པའི་འཕྲིན་སྦྱོར་མཉམ་འདྲེས་ལྟེ་གནས་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་བྱས་ཏེ་གཙོ་རྒྱུན་འཕྲིན་སྦྱོར་གསར་པ་གཏོད་རྒྱུའི་འཕེལ་རྒྱས་ཀྱི་དམིགས་ཚད་གཏན་ཁེལ་བྱེད་པ་དང་།ལྟེ་བའི་ཞབས་ཞུའི་ཁྱོན་ཡོངས་ལ་དམིགས་པ།རྒྱང་སྐྱོད་ལམ་གསར་དུ་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ནས་ཏང་དང་སྲིད་གཞུང་གི་སྐད་སྒྲ་དེ་བས་ལེགས་པའི་སྒོ་ནས་བརྒྱུད་བསྒྲགས་ཡག་པོ་བྱ་དགོས།  

    ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་རྒྱུན་མཐུད་དང་གཏིང་ཟབ་ངང་དྲིལ་བསྒྲགས་ཇི་ལྟར་བྱ་རྒྱུའི་སྐོར། འཐུས་མི་ཧྥན་ཁྲུའུ་ཡུན་གྱིས། དྲིལ་བསྒྲགས་ནང་དོན་ཐད། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས། གླེང་ཕྱོགས་ཀྱི་ཁྲིད་ཕྱོགས། རིན་ཐང་གི་ལྟ་བ་བཅས་དམ་འཛིན་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དོན་སྙིང་གལ་ཆེན་དང་ནང་དོན་ཟབ་མོ ། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུའི་སྐོར་གྱི་ཚོགས་ཆེན་གྱི་བཀོད་སྒྲིག་གལ་ཆེན། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྱོང་། ཆབ་སྲིད་ལེགས་སྐྱོང་། རིག་གནས་དར་སྤེལ། སྤྱི་ཚོགས་འཛུགས་སྐྱོང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སོགས་ཀྱི་ཐད་ཚོགས་ཆེན་གྱི་བཀོད་སྒྲིག་གལ་ཆེན་བཅས་གཙོ་གནད་དུ་བཟུང་ནས་དྲིལ་བསྒྲགས་བྱ་དགོས།


དུས་རབས་གསར་པའི་ཁྲོད་ཕ་ཡུལ་འཕེལ་རྒྱས་དེ་བས་ཡག་པོ་གཏང་དགོས།


     སྡེ་རོང་རྫོང་གི་ཆེས་ལྷོ་སྣེ་ཡིན་པའི་ཝ་ཁ་གྲོང་རྡལ་ནི་ཡུན་བོད་གནའ་བོ་ཚོང་འདྲེན་རྡལ་ལམ་གྱི་ཡུན་ནན་ནས་སི་ཁྲོན་དང་བོད་དུ་སྐྱོད་སའི་གྲུ་ཁ་གལ་ཆེན་ཞིག་ཡིན་ལ།“རྒྱལ་ཁབ་ཀྱི་རྒྱང་སྐྱོད་རིག་གནས་སྤྱི་གླིང་དཀར་མཛེས་ཁུལ་གྱི་ས་མཚམས་དུམ་བུ”འཛུགས་སྐྱོང་བྱེད་པའི་ས་གནས་གལ་ཆེན་ཞིག་ཀྱང་ཡིན། སྔོན་ཆད་ས་འགུལ་གྱིས་གནོད་འཚེ་ཕོག་མྱོང་ནའང་ལོ་འདི་དག་ནང་ཉམས་གསོ་ཡག་པོ་བྱས་ཡོད་པ་རེད།

     ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྡེ་རོང་རྫོང་ཝ་ཁ་གྲོང་རྡལ་ཝ་ཁ་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་སྡེ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཀྱི་འགན་གཅིག་ལྕོགས་སུ་འཁུར་བཞིན་པའི་གཡུང་དྲུང་ཚེ་རིང་གིས་ཕ་ཡུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་ཡི་རངས་ཤིང་། ཁོང་གིས་ཝ་ཁ་གྲོང་རྡལ་གྱི་རི་བོ་དང་ཆུ་བོ་ནི་གཙང་གསུམ་འབྲེལ་ནས་འཛམ་གླིང་རང་བྱུང་ཤུལ་བཞག་གི་རང་བྱུང་གྲུབ་ཆ་ཞིག་དང་། སེམས་ཀྱི་ཉི་ཟླའི་རྒྱལ་སྤྱིའི་ཡུལ་སྐོར་ལམ་ཐིག་གི་འགྲིམ་འགྲུལ་ས་ཚུགས་གལ་ཆེན། དཀར་མཛེས་ཁུལ་ཡུལ་སྐོར་འཐབ་ཇུས་ཀྱི་ལྷོ་རྒྱུད་ཟམ་སྣེའི་མཁར་རྫོང་། རྒྱལ་ཁབ་ཀྱིA3རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བཅས་རེད། དེ་དང་ཆབས་ཅིག་ཝ་ཁ་གྲོང་རྡལ་ལ་ད་དུང་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ཡོད་པ་དང་སྐད་གྲགས་ཆོད་པའི་ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་རིག་གནས་ཀྱི་ཕ་ས་ཡོད་པ་དེའི་ནང་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཤོག་འཆམ་ཡོད་ལ། ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བོད་རིགས་དམངས་ཁྲོད་འཁོར་དབྱིབས་ལག་རྩལ་སོགས་ཚུད་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་ཝ་ཁ་གྲོང་རྡལ་གྱིས་གོ་སྐབས་དམ་འཛིན་བྱས་ནས་ཞིང་ཆེན་གྱིA4རིམ་པའི་ཡུལ་སྐོར་ལྗོངས་ཁུལ་བསྐྲུན་ཏེ་རྒུན་འབྲུམ་ཐོན་ལས་ལ་བརྟེན་ནས་མི་སེར་གྱི་ཡོང་འབབ་སྔར་བས་མང་དུ་བཏང་ཡོད་ཅེས་ལན་བཏབ་པ་རེད།

     གཡུང་དྲུང་ཚེ་རིང་གིས་ད་ཆ་ང་ཚོའི་གྲོང་རྡལ་གྱི་མང་ཚོགས་ཀྱི་འཚོ་བ་སྔར་བས་ཕྱུག་ཏུ་འགྲོ་བཞིན་ཡོད་པས་དེ་དག་ཚང་མས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསར་འགོད་པར་བཤད། གཞི་རིམ་ནས་ཡོང་བའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་རང་ཉིད་ཀྱིས་ལོ་འདི་དག་ནང་ང་ཚོའི་ཝ་ཁ་གྲོང་རྡལ་དང་དེ་བཞིན་ཁུལ་ཡོངས་ཀྱི་ཡུལ་ཤོག་གཞན་དག་མང་པོ་ཞིག་ལ་འཕེལ་རྒྱས་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་བ་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དང་འཕེལ་རྒྱས་ཀྱི་ཁེ་སྤོགས་ལས་ང་ཚོ་མི་སེར་ལ་ཕན་པ་ཆེན་པོ་ཐོགས་བྱུང་། འཐུས་མི་གཡུང་དྲུང་ཚེ་རིང་གིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དེ་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་མུ་མཐུད་འབད་བརྩོན་བྱས་ནས་ཝ་ཁ་གྲོང་རྡལ་གྱི་ཁྱད་ལྡན་རྒུན་འབྲུམ་ཐོན་ལས་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་ཁྱབ་གདལ་བཏང་སྟེ་ཝ་ཁ་དེ་ཁམས་གསོ་ཞིང་དུ་འགྱུར་བར་བརྩོན་རྒྱུའོ།།




ཨོ་རྒྱན་དང་ཡེ་མགོན་གྱིས་བྲིས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ལེ་ཅན་ཕིང་ཀྲུང་གུང་རིཊ་ཁོངས་ཀྱི་ཚོ་ཆུང་དང་པོའི་གྲོས་སྡུར་ལ་ཞུགས།
  • ལེ་ཚན་རྗེས་མ།:ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་འཐབ་ཇུས་ཀྱི་ས་མཐིལ་ཧུར་ཐག་བསྐྲུན་དགོས།
  • དོ་སྣང་ཆེ་བའི་རྩོམ།