ཁུལ་སྐབས13པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས2པ་གྲོལ།

        2023-01-06

སྤྱི་ཟླ་དང་པོའི་ཚེས5ཉིན་གྱི་ཕྱི་དྲོར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་ཁག་བདེ་བླག་ངང་གྲུབ་ནས་དར་མདོའི་ཟློས་གར་ཁང་དུ་གྲོལ་བ་རེད།

  ཚོགས་འདུར་ཞུགས་དགོས་པའི་འཐུས་མི287ཡིན་ཞིང་། འཐུས་མི255དངོས་སུ་ཞུགས་ཡོད་པས་ཁྲིམས་འབེབས་མི་གྲངས་དང་མཐུན་ཡོད།


ཁུལ་སྐབས13པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས2པ་གྲོལ།

ཁུལ་སྐབས13པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས2པ་གྲོལ།


     ཧྲེན་དབྱང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་གསུང་བཤད་ཀྱང་གནང་། མཇུག་སྒྲིལ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཧྲེན་དབྱང་དང་ཧྲུའུ་ཏ་ཁྲུན། ཧྲི་ཀང་། ཆིའུ་ཞའོ་ཉིང་། མཱ་ཁྲང་ཞིན། ཅིན་ཝུའུ། ཙེང་ཀོན་ཧོ། ཞའོ་ཀྲི་ཧུང་། རྡོ་རྗེ། ཀྲུའུ་པང་ཝུན། ལིན་ཏུང་ཧྲེན། ཚངས་དཀར་ཚུལ་ཁྲིམས། དབྱང་ལིན། སྐལ་བཟང་འགྱུར་མེད། གཉའ་རྒྱལ་མཚན་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།


ཁུལ་སྐབས13པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས2པ་གྲོལ།

ཧྲེན་དབྱང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བཞིན་པའི་ཚུལ།


   ཚོགས་ཆེན་དུ་སི་ཁྲོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་དང་། ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འདེམས་བསྐོ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་འདེམས་བསྐོ། སྲིད་གཞུང་གི་ལས་དོན་སྙན་སེང་དང་། འཆར་གཞིའི་སྙན་སེང་། ནོར་སྲིད་སྙན་སེང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སེང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སེང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སེང་བཅས་ཀྱི་གྲོས་ཆོད། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ལས་དོན་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》《〈དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཐུན་མོང་མིས་བཟོས་ཚོང་ཟོག་ནགས་ཚལ་དོ་དམ་སྲོལ་ཡིག〉མེད་པ་བཟོ་རྒྱུའི་སྐོར་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གཏན་འབེབས》དང《〈དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས《སི་ཁྲོན་ཞིང་ཆེན་གྱི་མི་འབོར་དང་འཆར་ལྡན་བུ་བཙའི་སྲོལ་ཡིག》ལག་བསྟར་བྱེད་པའི་བབ་བསྟུན་གཏན་འབེབས》བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཆོད་འཆར་ཟིན》གྱི་གྲོས་ཆོད་བཅས་ལ་བརྡས་ཐག་བཅད་པ་དང་། རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ་བ་རེད།

       ཧྲེན་དབྱང་གིས་བསྟན་དོན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་འཐུས་མི་ཡོངས་དང་ཚོགས་ཞུགས་བློ་མཐུན་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་གྲོས་རིམ་ཁག་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་ནས་རྒྱལ་ཁའི་ངང་གྲོལ་རྒྱུ་རེད། ད་ཐེངས་ཀྱི་ཚོགས་འདུ་ནི་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བཅས་ཀྱི་སྙིང་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་མཐུན་སྒྲིལ་དང་། ཕྱུག་འབྱོར། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་མགྱོགས་སུ་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོག་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཚོགས་ཆེན་འཚོག་རིང་། འཐུས་མི་རྣམ་པ་ཚོས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མངག་བཅོལ་གལ་ཆེན་ཡིད་ལ་བརྟན་པོར་བཅངས་ནས་ཆབ་སྲིད་ཀྱི་སྤྲོ་སྣང་ཆེན་པོ་དང་། ལས་འགན་སྒྲུབ་སེམས་ཆེན་པོ། དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་རྣམ་པ་བཅས་ལ་བརྟེན། བཅའ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག། འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་གྲོས་བཅས་བྱས་ཤིང་། སྙན་སེང་ཁག་ལ་ཉན་འཇོག་དང་། གྲོས་ཆོད་ཁག་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། བློ་མཐུན་ཞུས་ཅ་ཞུང་ཁྲིམས་མཐུན་ལྟར་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མགོ་འཛིན་དུ་འདེམས་བསྐོ་བྱས་ཡོད། ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི34དང་ཁུལ་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན9བདམས་ཐོན་བྱུང་བ་རེད། དེ་ནི་དམངས་གཙོ་མཐུན་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱི་ཚོགས་ཆེན་ཞིག་དང་དངོས་ཐོག་བདེན་འཚོལ་དང་སྤྱོད་གཙང་གཞུང་དྲང་གི་ཚོགས་ཆེན་ཞིག་ཡིན་པས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བབ་བསྟུན་འཕྲལ་སྒྲུབ་བྱས་ནས་རྒྱལ་ཁ་གསར་པ་རྒྱུུན་མི་ཆད་པར་ལེན་པར་སྐུལ་ལྕག་ཐེབས་ངེས་རེད།

     ཧྲེན་དབྱང་གིས་ནན་གསུང་གནང་དོན། འདས་མ་ཐག་པའི་ལོ་གཅིག་ནི་དཀར་མཛེས་ཁུལ་དཀའ་ཁག་ཆེ་ཞིང་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་སྟོབས་ལྡན་འོག། ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་པ་སོགས་ཀྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཡོད་པ་དང་། ཞིང་ཆེན་ཏང་ཨུའི“ཆབ་སྲིད་ལ་དང་དོད་དང་། འཕེལ་རྒྱས་དམ་འཛིན། དམངས་འཚོར་ཕན་པ། ཉེན་མེད་འགན་ལེན”བཅས་ཀྱི་ལས་ཀའི་སྤྱིའི་བསམ་ཕྱོགས་ལ་དམིགས་ཤིང་། བློ་ཐག་རྦད་ཆོད་ཀྱིས་དུས་རབས་ཀྱི་ལས་འགན་ཕྲག་ཏུ་འཁུར་བ་དང་། ཏང་སྐྱོང་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། ཇུས་འགོད་དང་ལས་ཀ་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཡོད། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཛ་དྲག་དང་རྙོག་འཛིང་ཆེ་བའི་ཁུལ་ཕྱི་ནང་གི་དུས་བབ་དང་གཅིག་རྗེས་གཉིས་མཐུད་ངང་ཐོན་པའི་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་གཅོག་པ་དང་། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱས་ནས་བྱ་གཞག་ཁག་ལ་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རྒྱུན་མཐུད་བརྟན་རླིང་དང་། དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས། དམངས་འཚོ་རྒྱུན་མཐུད་ལེགས་གཏོང་། སྐྱེ་ཁམས་རྒྱུན་མཐུད་ལེགས་ཕྱིན་བཅས་ཀྱི་རྣམ་པ་བཟང་པོ་སྲུང་འཛིན་ཐུབ་ཡོད། ཁུལ་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་འཐུས་མི་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་དམངས་གཙོའི་དར་ཆ་མཐོན་པོར་བསྒྲེངས་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ། ཐོག་མཐའ་བར་གསུམ་དུ་འགན་འཁྲི་བླ་ན་མེད་པ་བློ་ལ་བརྟན་པོ་ངེས་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ། ཐོག་མཐའ་བར་གསུམ་དུ་དམངས་འཚོའི་བདེ་སྐྱིད་ལ་དོ་ཁུར་བྱས་ནས་དམངས་འཚོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་ཤུགས་ཡོད་རྒུ་བཏོན་ཡོད། རིག་གནས་ཀྱི་གདེང་ཚོད་ཐོག་མཐའ་བར་གསུམ་དུ་བརྟན་དུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་དུ་གཏོང་བའི་ཐད་དཔེ་སྟོན་སྣེ་ཁྲིད་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་མངག་བཅོལ་གལ་ཆེན་ཕྲག་ཏུ་ཁུར་ནས་འགུལ་འགོག་གནོད་སེལ་དང་། རིམས་ནད་འགོག་ཟོན། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ཐད་ལ་བྱས་རྗེས་འཇོག་ཕོད་པ་བྱས་ཏེ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ལྷིང་འཇགས་མཐུན་སྒྲིལ་གྱི་ཆབ་སྲིད་ཁོར་ཡུག་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་ཡོད། འདིར་ངས་ཁུལ་ཨུའི་ཚབ་བྱས་ནས་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྣམ་པ་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

     ཧྲེན་དབྱང་གིས་ནན་གསུང་གནང་དོན། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་འདེགས་སྐྱོར་བྱེད་པའི་རྩ་བའི་ཆབ་སྲིད་ལམ་ལུགས་ཡིན། ཁུལ་ཨུས་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་འགན་ནུས་བསྒྲུབ་རྒྱུར་སྔར་རྒྱུན་བཞིན་རྒྱབ་སྐྱོར་བྱས་ནས་དུས་བཀག་ནང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཉན་འཇོག་དང་ཞིབ་འཇུག་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁྲོད་ལྷག་པའི་དངོས་ཡོད་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱ་རྒྱུ་རེད། རིམ་ཁག་ཏང་ཨུས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་མུ་མཐུད་ཤུགས་བསྣན་པ་དང་རིམ་ཁག་སྡེ་ཚན་ཁག་གིས་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་འགན་དབང་སྤྱད་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ནས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱ་དགོས། རིམ་ཁག་མི་དམངས་འཐུས་ཚོགས་ཏང་ཚན་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་ཤུགས་ཆེན་བྱས་ནས་ཏང་གི་ལམ་ལུགས་ཁག་ལག་བསྟར་ནན་ཏན་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་པ། འགན་འཁྲི་སྒྲུབ་ནུས་དང་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་ཏེ་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་ཐོག་ནས་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་ལ་འགན་ལེན་བྱེད་པའི་འགན་འཁྲི་བླ་ན་མེད་པ་ཏན་ཏིག་འཁུར་དགོས།

    ཧྲེན་དབྱང་གིས་བསྟན་དོན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཡིད་ཆེས་བརྟན་པོ་དང་འགན་འཁྲི་འཁུར་སེམས་བཅངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་དཀར་མཛེས་ཁུལ་གྱི་བྱས་རྗེས་གསར་པ་འབུལ་དགོས། མཇུག་ཏུ་ངས་ཁུལ་ཨུའི་ཚབ་བྱས་ནས་འཐུས་མི་རྣམ་པ་དང་། བློ་མཐུན་རྣམ་པ། ཁྱེད་རྣམ་པ་བཅས་བརྒྱུད་ནས་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ལ་ཟོལ་མེད་ཀྱི་འཚམས་འདྲི་དང་ལོ་གསར་པའི་སྨོན་འདུན་ཞུ་རྒྱུ་དང་། ལྷན་རྒྱས་ལ་བྱ་བ་ལམ་འགྲོ་དང་། སྐུ་གཟུགས་བདེ་ཐང་། བཀྲ་ཤིས་བདེ་ལེགས་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

     དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་ཁག་ལེགས་འགྲུབ་བྱུང་ཞིང་། ཚོགས་ཞུགས་པ་ཚང་མ་ཡར་བཞེངས་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི》ཁྲོད་ཚོགས་ཆེན་ཡོངས་སུ་གྲོལ་བ་རེད།

     ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་། ཁུལ་མི་དམངས་སྲིད་གཞུང་། སྲིད་གྲོས་དཀར་མཛེས་ཁུལ་ཨུ་ལྷན། དཀར་མཛེས་ཡན་ལག་དམག་ཁུལ་བཅས་ཀྱི་མགོ་ཁྲིད་བློ་མཐུན་དང་། ཁུལ་དང་ཞིང་ཆེན་གྱིས་དོ་དམ་བྱེད་པའི་མཐོ་སློབ་ཀྱི་འགན་འཁུར་བ། དཀར་མཛེས་ཁུལ་དུ་བཅའ་སྡོད་བྱེད་པའི་ཀྲེ་ཅང་ཞིང་ཆེན་གྱི་རོགས་སྐྱོར་རུ་ཁག་གི་འགན་འཁུར་བློ་མཐུན།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག། ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་མིན་པའི་རྫོང་ཨུའི་ཧྲུའུ་ཅི་བཅས་གདན་ཞུས་ལྟར་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།

     དེ་རིང་གི་ཚོགས་ཆེན་ལ་ཟུར་ཞུགས་བྱེད་མཁན་གྲས་སུ། ཁུལ་ཨུའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་པ། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དོན་བྱེད་ལས་ཁུངས་ཀྱི་འགན་འཁུར་བ། ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མིན་པའི་ཁུལ་མི་དམངས་སྲིད་གཞུང་གི་ལས་དོན་སྡེ་ཚན་གྱི་འགན་འཁུར་བ། ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་མགོ་གཙོ་གཞོན་པ། ཁུལ་མི་དམངས་སྲིད་གཞུང་ཐད་གཏོགས་སྒྲིག་གཞིའི་འགན་འཁུར་བ། ཀྲུང་དབྱང་དང་ཞིང་ཆེན་གྱི་གཙོ་གཉེར། ཞིང་ཆེན་དང་ཁུལ་གྱི་མགོ་ཁྲིད་གཉིས་ལྡན་གྱི་དར་མདོར་བསྡད་ཡོད་པའི་འབྲེལ་ཡོད་ཚན་པའི་འགན་འཁུར་བ། རྫོང(གྲོང་ཁྱེར)ཁག་གི་རྫོང་དཔོན་དང་གྲོང་ཁྱེར་མགོ་གཙོ། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན། ཁྲིམས་ཁང་གི་མགོ་གཙོ། ཞིབ་དཔྱོད་ཁང་གི་མགོ་གཙོ་བཅས་དང་དེ་བཞིན་ཁེ་ལས་ཀྱི་འགན་འཁུར་བ་ཁག་གཅིག་ཡོད་པ་རེད།།



ངེད་གསར་འགོད་པ་ཨོ་རྒྱན་དང་ཡེ་ཤེས་ཀྱིས་བྲིས་ཤིང་པར་བླངས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།



  • ལེ་ཚན་སྔོན་མ།:ཆེད་བརྗོད།
  • ལེ་ཚན་རྗེས་མ།:ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་གྲོལ།
  • དོ་སྣང་ཆེ་བའི་རྩོམ།