ཁུལ་དམངས་ཆེན་འཐུས་མི་བཞིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས།

        2023-01-04

  ཟླ་དང་པོའི་ཚེས3ཉིན་གྱི་སྔ་དྲོར། ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི“ཅུས་ཀྲང(ཀྲུའུ་རེན)བགྲོད་ལམ”གྱི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་དེ་དར་མདོའི་ཟློས་གར་ཁང་དུ་སྤེལ་འགོ་ཚུགས། ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲོའུ་ཧྲི་ཝུའུ་དང་། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཝུའེ། ཁུལ་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཁང་པིན། ཁུལ་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་ལི་ཏེ་ཆང་བཅས་ཀྱིས་ཡུལ་དངོས་སུ་འཕྲིན་སྦྱོར་གྱི་བཅར་འདྲི་དང་ལེན་བྱས་པ་རེད། སྡེ་ཚན་གྱི་འགན་འཁྲི་ལ་གཞི་ཚུགས་པ་དང་ན་ནིང་གི་ལས་ཀའི་གྲུབ་འབྲས་དང་འདི་ལོའི་བསམ་ཕྱོགས་དང་བྱ་ཐབས་གླེང་ནས་སེམས་གཏིང་གི་འཕེལ་རྒྱས་དང་ཞབས་ཞུ་གླེང་ཞིང་། སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་བརྒྱབ་པ་དང་། དམངས་འཚོའི་དྲོད་ཚད་བརྒྱུད་སྤྲོད་བྱེད་པ། སྐད་ཆ་ཚིག་རེ་རེ་ལས་བརྩེ་སེམས་མཚོན་པ་དང་སྤྲོ་སེམས་ཀྱིས་ཁེངས་པ། སྤྲོ་སེམས་འཕེལ་བ་བཅས་ཀྱི་རྣམ་པ་ཟབ་མོ་མངོན་ཡོད།


ཀྲོའུ་ཧྲི་ཝུའུ་ཡིས་ནུས་རྒྱུ་གཙང་མ་གོ་རིམ་ལྡན་པའི་ངང་གསར་སྤེལ་བྱས་པས་འབྲུ་རིགས་ཉེན་མེད་འགན་ལེན་ཐུབ་ཡོད་ཅེས་བཤད།


      “རྒྱལ་ཁབ་ཀྱི་དྭངས་གཙང་ནུས་རྒྱུའི་རྟེན་གཞི་འཛུགས་སྐྲུན་ཐད། 2022ལོར་ང་ཚོས་གཞི་གྲངས་མཐིལ་རྟོགས་བྱས་ནས་ཁུལ་ཡོངས་ཀྱི་དྭངས་གཙང་ནུས་རྒྱུར་ཡོངས་ཁྱབ་ཞིབ་བཤེར་བྱས་པ་དང་། ཁུལ་ཡོངས་སུ་དྭངས་གཙང་ནུས་རྒྱུའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་དུང་ཕྱུར2ཟིན་པའི་ནང་འོད་ཤུགས་ཐོན་ཁུངས་ལག་རྩལ་གསར་སྤེལ་བྱེད་ཚད་ཆན་ཝ་དུང་ཕྱུར1.52ཟིན་ཡོད”། ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲོའུ་ཧྲི་ཝུའུ་ཡིས2022ལོར་དཀར་མཛེས་ཁུལ་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བའི་ཕན་འབྲས་ཐོན་རྒྱུ་རེད་ཟེར།

     “2023ལོར་དཀར་མཛེས་ཁུལ་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་བསྐྲུན་རྒྱུའི་ལས་ཀའི་བསམ་ཕྱོགས་དང་གཙོ་གནད་ལས་འགན་སྐོར་གླེང་སྐབས”ཀྲོའུ་ཧྲི་ཝུའུ་ཡིས“ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་འཕེལ་རྒྱས་འཆར་འགོད་ཀྱི་བླང་བྱར་དམ་པོར་དམིགས་ཏེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ཁག་དོན་འཁྱོལ་ནན་ཏན་བྱས་ནས་གོ་སྐབས་དམ་འཛིན་གྱིས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་སྟེ་ཁུལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་དཔེ་སྟོན་ཁུལ་བསྐྲུན་མགྱོགས་སུ་གཏང་རྒྱུ་ཡིན”ཞེས་བཤད་པ་རེད།

     འབྲུ་རིགས་བདེ་འཇགས་སྐོར་གླེང་སྐབས་ཀྲོའུ་ཧྲེ་ཝུའུ་ཡིས་གསར་འགོད་པར་ཀྲུང་གོ་བའི་ལྟོ་ཕོར་དེ་རང་ཉིད་ཀྱི་ལག་ཏུ་བརྟན་པོར་འཛིན་དགོས་པ་དང་། ཁུལ་འཕེལ་སྒྱུར་ཨུ་ལྷན་གྱིས་ཏང་ཀྲུང་དབྱང་དང་། ཞིང་ཆེན། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་འབྲུ་རིགས་བདེ་འཇགས་འགན་ལེན་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཏེ་ཆེད་དོན་བཅོས་སྒྲིག་བྱས་ནས་བཅོས་སྒྲིག་གི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། འབྲུ་རིགས་བདེ་འཇགས་ལམ་ལུགས་འཐུས་ཚང་དུ་གཏོང་བ། འབྲུ་རིགས་ཉོ་སྒྲུབ་དང་། གསོག་འཇོག། བརྒྱུད་འདྲེན་བཅས་ཀྱི་ལྷུ་ཚིགས་ལ་དམ་པོར་དམིགས་པ་བཅས་བྱེད་དགོས་པ་དང་། ས་གནས་ཀྱི་འབྲུ་སྣུམ་གསོག་འཇོག་དོ་དམ་དམ་འཛིན་བྱ་དགོས་ཟེར།

     འབྲུ་རིགས་བདེ་འཇགས་ལ་སྔར་བས་འགན་ལེན་བྱ་རྒྱུའི་སྐོར་ལ་ཀྲོའུ་ཧྲི་ཝུའུ་ཡིས་ཁུལ་འཕེལ་སྒྱུར་ཨུ་ལྷན་གྱིས་དཀར་མཛེས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་གཞི་ཚུགས་ནས་འབྲུ་རིགས་བདེ་འཇགས་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དོན་འཁྱོལ་ཏན་ཏིག་བྱས་ཏེ་གཞུང་ཁོངས་འབྲུ་རིགས་གསོག་འཇོག་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།


ལི་ཝུའེ་ཡིས“བདེ་ཐང་དཀར་མཛེས”འཛུགས་སྐྱོང་ཐད“གྲུབ་འབྲས་ཆེན་པོ་གསུམ”ཐོབ་པ།“གཙོ་གནད་གསུམ”ལ་དམ་པོར་དམིགས་པ།


     ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཝུའེ་ཡིས་གསར་འགོད་པར། 2022ལོར་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་དཀའ་ངལ་མང་པོ་ཁྱད་བསད་བྱས་པར་གཙོ་བོ་ཕྱོགས་གསུམ་ཐད་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་སྟེ། གཅིག་ནི་བདེ་ཐང་ཁོར་ཡུག་གཏོད་པར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཞིང་ཆེན་རིམ་པའི་འཕྲོད་བསྟེན་རྫོང་གྲོང་ཚང་མར་ཁྱབ་པ། རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་རྫོང་གྲོང་གི་གྲངས་འབོར་ཞིང་ཆེན་དེ་ཡོངས་ཀྱི་མི་རིགས་ས་ཁུལ་གྱི་ཨང་དང་པོར་གནས་པ། རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་གྲོང་ཁྱེར(དར་མདོ་གྲོང་ཁྱེར)གཅིག་གཏོད་པ་བཅས་རེད། གཉིས་ནས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་ཧུར་ཐག་བཏང་སྟེ་རྐང་འཛིན་སྨན་པའི་འཆར་གཞི་སོགས་བྱེད་ཐབས་རབ་དང་རིམ་པ་ལག་ལེན་བསྟར་བ་བརྒྱུད་འཕྲོད་བསྟེན་ཤེས་ལྡན་མི་སྣ་ནང་འདྲེན་དང་། གནས་ཐུབ་པ། གསོ་སྦྱོང་། འཚར་ལོངས་བཅས་ཀྱི་ལམ་སྲོལ་ལ་ཤུགས་བསྣན་པ་དང་འཐུས་ཚང་དུ་བཏང་སྟེ། ཁུལ་ཡོངས་ཀྱི་མི་འབོར་སྟོང་རེར་ལས་གཉེར(ལས་རོགས)བྱེད་མཁན་སྨན་པ་དཀའ་བཅུ་པའི་མི་གྲངས་སྤྱིར་ན2021ལོའི་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་ཡོད་པ་རེད། གསུམ་ནས་དཀར་མཛེས་ཁུལ་གྱི་གློ་བའི་འདུས་འདྲིལ་ཕྱོགས་བསྡུས་འགོག་བཅོས་ཀྱི་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་ཤིང་། རེས་སྐོར་གཉིས་པའི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་འགག་སྒྲོལ་ལག་བསྟར་བྱས་པ་དང་། འགོ་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་ནུས་ལྡན་དང་། གོ་རིམ་ལྡན་པ། ནུས་ལྡན་བཅས་ཀྱི་སྒོ་ནས་སྤེལ་བ། རིམས་ནད་གསར་པ་སྔོན་འགོག་ཚོད་འཛིན་ཐད་ལས་འགན་གལ་ཆེན་ལེགས་སྒྲུབ་བྱས་པ། རིམས་ནད་འགོག་ཟོན་གྱི་ཕན་འབྲས་མངོན་གསལ་ལེགས་སུ་ཕྱིན་ཡོད་པ་རེད།

     “བདེ་ཐང་དཀར་མཛེས”ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དེ། ཁུལ་ཡོངས་ཀྱི་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ལི་ཝུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན།འདི་ལོ་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་གཙོ་གནད་ཐོག་ཕྱོགས་གསུམ་ཐད་ནས་ཤུགས་བསྣན་ཏེ་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏང་རྒྱུ་ཡིན་པ་སྟེ། གཅིག་ནས་མང་ཚོགས་བློ་ཡིད་ཚིམ་པའི་སྨན་ཁང་ཁག་གཅིག་དང་། གཉིས་ནས་འཇོན་ཐང་ཆེ་བ་དང་སྤྱོད་ཚུལ་ལེགས་པའི་འཕྲོད་བསྟེན་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་ཤུགས་ཆེན་བྱ་རྒྱུ་དང་། གསུམ་ནས་གཙོ་གནད་སྨན་བཅོས་འཕྲོད་བསྟེན་རྣམ་གྲངས་ཁག་གཅིག་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱ་རྒྱུ་རེད།


ཁང་པིན་གྱིས། འཕྲལ་སྡོམ་དོ་དམ་ཞབས་ཞུར“གྲུབ་འབྲས་ཆེན་པོ་དྲུག”ཐོབ་པ་རེད་ཟེར།


     ཁུལ་ཡོངས་ཀྱི་འཕྲལ་སྡོམ་མ་ལག་གིས2022ལོར་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་ཇི་ལྟར་བྱ་རྒྱུར་དམིགས། ལས་དོན་ལ་གྲུབ་འབྲས་གང་དག་ཐོབ་པའི་སྐོར་གྱི་དྲི་བ་རྣམས། ཁུལ་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཁང་པིན་གྱིས།2022ལོར་ཁུལ་ཡོངས་ཀྱི་འཕྲལ་སྡོམ་མ་ལག་དེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག། གཅིག་ནི་འགུལ་འགོག་གེགས་སེལ་ལ་རྒྱལ་ཁ་ཐོབ་པ་དང་། གཉིས་ནི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་བརྟན་ཐོག་ལེགས་སུ་སོང་བ། གསུམ་ནི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཐད་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་ཐོབ་པ། བཞི་ནི་འགུལ་འགོག་གེགས་སེལ་ལས་དོན་ལ་ཕན་འབྲས་ཐོན་པ། ལྔ་ནི་འཕྲལ་སྡོམ་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། དྲུག་ནི་ལམ་ལུགས་མ་ལག་དེ་བས་འཐུས་སྒོ་ཚང་དུ་ཕྱིན་པ། དྲུག་ནི་དོན་ཆེན་དྲུག་ལ་དམ་འཛིན་ཏན་ཏིག་བྱས་པ”བཅས་རེད།

     གོམ་སྟབས་རྗེས་མའི་ལས་ཀའི་འཆར་གཞིའི་སྐོར་གླེང་སྐབས་ཁང་པིན་གྱིས། ཁུལ་ཡོངས་ཀྱི་འཕྲལ་སྡོམ་ཁོངས་གཏོགས་ཀྱིས་བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་འགོག་ཟོན་གྱི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་རྒྱུ་དང་།“འཕྲལ་སྡོམ་ཆེན་པོ་དང་བདེ་འཇགས་ཆེན་པོའི”སྤྱི་ཡོངས་ཀྱི་རྣམ་པ་ཧུར་ཐག་གཏོད་པ། མཁོ་བསྟུན་མཐོར་འདེགས་གཏོང་བར་ཤུགས་རྒྱག་དགོས་ཞེས་བཤད་པ་རེད།


ལི་ཏེ་ཆང་གིས་ཡུལ་སྡེ་དར་རྒྱས་གཏོང་བར“གྲུབ་འབྲས་ཆེན་པོ་བཞི”ཐོབ་ནས“ལས་དོན་བཞིར”དམ་འཛིན་ཤུགས་ཆེན་བྱས་པ་ཡིན་ཟེར།


    “ཅུས་ཀྲང་བགྲོད་ལམ”ཐོག་ཁུལ་ཡུལ་སྡེ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་ལི་ཏེ་ཆང་གིས། 2022ལོར་ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བཏང་ནས་དང་ཡུལ་སྡེ་དར་རྒྱས་ཀྱི་སྦྲེལ་མཐུད་ནུས་ལྡན་ལས་དོན་ལ་ཕན་འབྲས་རྒྱ་ཆེན་ཐོབ་པ་རེད་ཟེར། 

     “ང་ཚོས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་ནུས་ཤུགས་ཡོད་རྒུས་མཐའ་ཚད་སྲུང་བ་དང་། འཕེལ་རྒྱས་ལ་དམ་འཛིན་བྱེད་པ། དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།”ལི་ཏེ་ཆང་གིས་བཤད་རྒྱུར། 2022ལོར་རང་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དང་གྲོང་སྡེ་དར་རྒྱས་དང་ནུས་ལྡན་ངང་འབྲེལ་མཐུད་བྱེད་པའི་ཐད་ཐོབ་པའི་ཕན་འབྲས་གཙོ་བོ་ཕྱོགས་བཞི། གཅིག་ནས་གཞི་ཁྱོན་ལྡན་པའི་བསྐྱར་ལོག་གི་མ་མཐའི་མཚམས་ཐིག་མི་ཐོན་པའི་ལས་འགན་བརྟན་པོ་སྲུང་བ་དང་། གཉིས་ནས་དབུལ་ཐར་མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ། གསུམ་ནས་འབྲེལ་མཐུད་མ་དངུལ་དོ་དམ་དང་རྣམ་གྲངས་འཛུགས་སྐྲུན་ལ་དངོས་སུ་སྐུལ་འདེད་བཏང་བ། བཞི་ནས་ཀྲུང་དབྱང་གི་ཚན་པ4དང་ཞིང་ཆེན་ཐད་གཏོགས་སྡེ་ཚན(ཚན་པ)94ཡི་གནས་གཏན་འཁེལ་གྱི་རོགས་སྐྱོར་ལས་དོན་རྒྱུན་མཐུད་ངང་སྤེལ་ཡོད་པ་རེད།

      ཇི་ལྟར་བྱས་ནས་གྲོང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་མུ་མཐུད་ལག་བསྟར་ཡག་པོ་བྱ་རྒྱུའི་སྐོར་ལ་ལི་ཏེ་ཆང་གིས་གཙོ་གནད་ཐོག་ཕྱོགས་བཞིའི་ཐད་ནས་ཤུགས་སྣོན་དགོས་རྒྱུ་བཤད་ཡོད་པ་སྟེ། གཅིག་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”དང་བདེ་འཇགས་འཐུང་ཆུར་དམིགས་ཏེ་བསྐྱར་དུ་དབུལ་པོར་འགྱུར་བའི་གནས་ཚུལ་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་གཞི་ཁྱོན་ལྡན་པའི་བསྐྱར་ལོག་གི་མ་མཐའི་མཚམས་ཐིག་མཐའ་གཅིག་ཏུ་བསྲུངས་ཡོད། གཉིས་ནས་རྣམ་གྲངས་ཀྱི་མ་དངུལ་དོ་དམ་ལ་དམ་འཛིན་ནན་པོ་བྱས་ནས་ཁེ་ཕན་འབྲེལ་མཐུད་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ལེགས་ལྡན་ཁྱད་ལྡན་ཐོན་ལས་དང་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། དབུལ་སྒྲོལ་མི་འབོར་ལས་གནས་བརྟན་པོའི་ངང་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ་བརྟན་པོའི་ངང་འབབ་འཕར་ཡོང་བ་བྱེད་དགོས། གསུམ་ནས་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་བཏང་ནས་གནས་སྡོད་དང་བྱ་གཞག་ལ་འཚམ་པའི་གྲོང་གསེབ་ཧུར་ཐག་བསྐྲུན་རྒྱུ། བཞི་ནས་ཤར་ནུབ་རོགས་ལས་དང་། གནས་གཏན་འཁེལ་གྱི་རོགས་སྐྱོར། སྤྱི་ཚོགས་རོགས་སྐྱོར། ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་བཅས་ཀྱི་ནུས་པ་སྤྱི་འདོམས་ངང་འདོན་སྤེལ་བྱས་ནས་བརྟན་གཏོང་འབྲེལ་མཐུད་ལས་དོན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་གཅིག་ཏུ་འགྲིལ་བའོ།།


གསར་འགོད་པ། ཨོ་རྒྱན་དང་ཡེ་ཤེས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཧྥུང་ཧྥ་ཀུའེ་དར་མདོ་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས།
  • ལེ་ཚན་རྗེས་མ།:ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝང་ཆིན་ཧྭ་ཡིས་འདི་འདྲ་གླེང་།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10