མི་རབས་གསུམ་དང་གསར་བརྗེའི་རིག་དངོས།

བདེ་ཆེན་དབང་མོས་བྲིས།        2022-12-27

བྱམས་པ་སྒྲོལ་མ་ཚང་གི་མི་རབས་གསུམ་གྱིས་གསར་བརྗེའི་རིག་དངོས་སྲུང་སྐྱོང་བྱས་ཚུལ་རགས་བཀོད།


  སྤྱི་ལོ1936ལོའི་ཟླ་བ3པར། སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་ཡིས་དམར་དམག་འབུམ་ཤོག་བཞི་པ་ཁྲིད་དེ་དཀར་མཛེས་རྫོང་དུ་ཞུགས། ལོ86འགོར་ཡང་དཀར་མཛེས་རྫོང་མཁར་དུ་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་བཞུགས་མྱོང་བའི་བོད་ཀྱི་དམངས་སྲོལ་གཞིས་ཁང་གི་རྣམ་པ་སྔར་བཞིན་གནས། སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་ཁང་བདག་ཆན་ཏ་ཁྱིམ་ཚང་། དགེ་རྟག་སྤྲུལ་སྐུ་བར་གྱི་མཛའ་བརྩེ་ཡང་མི་རབས་ནས་མི་རབས་བར་དུ་རྒྱུན་བསྐྱངས་ནས་ཡོད། དམར་དམག་དཀར་མཛེས་རྫོང་ནས་ཐོན་རྗེས་ཆན་ཏ་ཚང་གིས་དགྲ་བོའི་འཇིགས་མནར་གྱི་དུས་སྐབས་ཡིན་ནའང་འདྲ། ལོ་བཅུའི“རིག་གནས་གསར་བརྗེ”ཡི་དུས་སྐབས་ཡིན་ནའང་འདྲ། ནུས་ཤུགས་ཡོད་རྒུས་གསར་བརྗེའི་རིག་དངོས་སྲུང་སྐྱོང་བྱས་ཡོད། སྤྱི་ལོ2021ལོར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས“ཀྲུའུ་ཏེའི་བཞུགས་གནས་རྙིང་པ”དེ་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་བྱ་ཡུལ་དུ་ཁྱབ་བསྒྲགས་བྱས་ཏེ། གསར་བརྗེའི་རྒྱུད་པ་འཛིན་ཞིང་གསར་བརྗེའི་ཁྲག་རྒྱུན་སྐྱོང་བའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་གྱུར་པ་རེད།

མི་རབས་གསུམ་དང་གསར་བརྗེའི་རིག་དངོས།

བྱམས་པ་སྒྲོལ་མས་ལས་སྒྲུབ་མི་སྣར་སྐབས་དེ་དུས་ཀྱི་བརྗེད་པར་དཀའ་བའི་ལོ་རྒྱུས་ངོ་སྤྲོད་བྱེད་བཞིན་པའི་ཚུལ།

སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་ལ་ཞབས་ཕྱི་ཡག་པོ་བསྒྲུབས།

   “ས་དོང་དེའི་ནང་འཁྱགས་རྨས་ཕོག་པའི་དམར་དམག་རྨས་མ5བཞག་ནས་སྲུང་སྐྱོང་བྱས་ཡོད། ངའི་ཨ་མྱེ་དང་ཨ་མ་ལགས་གཉིས་ཀྱིས་ཉིན་ལྟར་རྨས་མར་ཟ་མ་སྐྱེལ་གྱི་ཡོད། དམར་དམག་རྨས་མ་ས་དོང་དེའི་ནང་གཟའ་འཁོར་གཅིག་གི་རིང་ལ་ངལ་གསོ་བྱས་རྗེས་དམག་དཔུང་གིས་ཁྲིད་སོང་བ་རེད།”

  “ཁང་པ་འདི་ནི་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེའི་བཞུགས་གནས་དང་གཞུང་དོན་སྒྲུབ་ས་རེད། ཨ་མྱེས་སྤྱི་ཁྱབ་དམག་སྤྱི་བཞུགས་སྐབས་ཀྱི་སྔར་རྒྱུན་རྣམ་པ་ལྟར་ཉར་ཚགས་བྱས་ཡོད།”ཅེས་པ་ནི་སྤྱི་ཟླ7པའི་ཚེས10ཉིན། དཀར་མཛེས་རྫོང་མཁར་དང་ཐག་ཉེ་བའི་སྐུ་འབུམ་ཞབས་གྲོང་སྡེ་རུ་ལོ66ལ་སོན་པའི་བྱམས་པ་སྒྲོལ་མས་གསར་འགོད་པ་ཁྲིད་ནས“ཀྲུའུ་ཏེའི་བཞུགས་གནས་རྙིང་པ”ལ་ལྟ་སྐོར་བྱེད་དུས་བཤད་པའི་སྐད་ཆ་རེད། བཞུགས་གནས་རྙིང་པའི་སྒོ་ཁར་རྡོ་རིང་ཞིག་བཞེངས་ནས་དེའི་ཐོག་ཏུ“ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་བྱ་ཡུལ་དང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས2021ལོར་སྤྲད”ཅེས་པའི་ཡི་གེ་བྲིས་ཡོད་པ་རེད།

  ལོ་བརྒྱའི་ལོ་རྒྱུས་ལྡན་པའི་ཁང་རྙིང་དེའི་ནང་དམར་དམག་གིས་སྤྱད་མྱོང་བའི་ཐོན་སྐྱེད་དང་འཚོ་བའི་མཁོ་ཆས་ཉར་ཚགས་ཡག་པོ་བྱས་ཡོད་ཅིང་། དེ་དག་གིས་སྒྲ་མེད་པའི་ངང་བརྗེད་པར་དཀའ་བའི་ལོ་རྒྱུས་དེ་འཆད་བཞིན་པ་འདྲ།

  སྤྱི་ལོ1936ལོའི་སྤྱི་ཟླ3པར་དམར་དམག་དཀར་མཛེས་རྫོང་དུ་འབྱོར་སྐབས། བྱམས་པ་སྒྲོལ་མའི་ཨ་མ་ཆན་ཡུས་རུའུ་ལོ12ལ་སོན་ཡོད་པ་རེད། རྗེས་སུ་མོས་བྱམས་པ་སྒྲོལ་མར་དམར་དམག་སྐོར་གྱི་གཏམ་རྒྱུད་མང་པོ་བཤད་མྱོང་བ་རེད།

  བྱམས་པ་སྒྲོལ་མའི་ཨ་མྱེའི་མིང་ལ་ཆན་ཏ·དབྱང་ཝན་རུའུ་ཟེར་བ་དང་ཕ་ཡུལ་ནི་ཧྲའན་ཞི་ཞིང་ཆེན་ཨེ་རྫོང་ཆན་ཝང་གྲོང་སྡེ་ཡིན། དུས་རབས་གོང་མའི་ལོ་རབས20པར་ཧྲན་ཞིའི་ཀོན་ཀྲུང་དུ་མུ་གེ་བྱུང་བ་དང་། ཆན་ཏ·དབྱང་ཝན་རུའུ་ཡིས་ཉིན70ལྷག་ཙམ་རིང་ལ་དཀའ་སྤྱད་འབད་འཐབ་བྱས་པར་བརྒྱུད་དེ་དཀར་མཛེས་རྫོང་དུ་སླེབས་ཡོད་པ་རེད། འཚོ་བ་སྐྱེལ་ཆེད་ཁོས་ས་གནས་དེ་གའི་ཚོང་པའི་ལག་རོགས་བྱས་ཏེ་དཀར་མཛེས་རྫོང་དུ་གླ་རྩི་དང་དབྱར་རྩྭ་དགུན་འབུ། ཀོ་བ། ཁུ་ལུ་སོགས་ཉོས་ཏེ་དར་མདོའི་ཚོང་རར་འདྲེན་པ་དང་། དར་མདོ་ནས་ཇ་དང་ཚྭ། རས་ཆ་སོགས་དངོས་རྫས་བརྗེས་ནས་དཀར་མཛེས་རྫོང་དུ་འདྲེན་པ་རེད། དེ་ནས་རིམ་བཞིན་ཁྱིམ་ནོར་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས་ས་ཞིང་མུའུ་བརྒྱ་ཙམ་ཉོས་པར་མ་ཟད། ས་གནས་དེ་གའི་བོད་ཀྱི་བུད་མེད་དང་གཉེན་སྒྲིག་བྱས་ཏེ་བྱམས་པ་སྒྲོལ་མའི་ཨ་མ་ཆན་ཡུས་རུའུ་སྐྱེས་པ་རེད། དུས་རབས20པའི་ལོ་རབས30པར་ཆན་ཏ་ཡིས་དཀར་མཛེས་གྲོང་རྡལ་ཡུལ་པ་ཁག་ཁྲོམ་ལམ་དུ་རྒྱ་ཁྱོན་སྨི་གྲུ་བཞི་མ480ཙམ་ལ་ཟིན་པའི་བོད་ཀྱི་དམངས་སྲོལ་སྡོད་ཁང་ཐོག་བརྩེགས་གཉིས་བསྐྲུན་པ་དང་ཁང་མིག་དགུ་ ཡོད་པ་རེད། དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་སུ་ཆན་ཏ་ཡིས་རྫོང་སྲིད་གཞུང་ལ་གླས་ནས་སྦྲག་སྲིད་དང་དངུལ་ཁང་། འབྲུ་རིགས་སོགས་སྡེ་ཁག་གི་གཞུང་ལས་བྱ་ཡུལ་བྱས་ཡོད།

  དམར་དམག་དཀར་མཛེས་རྫོང་དུ་སླེབས་སྐབས། གོ་མིན་ཏང་གིས་དམར་དམག་གིས་སྲེག་གསོད་འཕྲོག་གསུམ་བྱེད་པ་སོགས་ཀྱི་དཀྲོག་གཏམ་བཟོས་པར་བརྟེན། མང་ཚོགས་གཅིག་རྗེས་གཉིས་མཐུད་ངང་བྲོས་བྱོལ་དུ་སོང་བ་དང་། ཆན་ཏའི་ཁྱིམ་ནོར་སྲུང་བའི་ཆེད་དུ་ཕྱིར་འགྲོ་མེད་པ་རེད། ཉིན་ཞིག་གི་དགོང་མོར། ཆན་ཏ་ཡིས་མི་ཞིག་གིས་སྒོ་རྡུང་བཞིན་པ་ཐོས་ཏེ། བཟའ་ཟླ་དང་བུ་མོ་གཉིས་ཕྱིར་ལོག་པ་འདུག་སྙམ་མོད། འོན་ཀྱང་སྒོ་ཕྱེ་སྐབས་གོན་པ་རྙིང་རལ་གྱོན་མཁན་གྱི་དམར་དམག་འཐབ་འཛིང་པ་ཞིག་མཐོང་བ་རེད། ཕན་ཚུན་ཁ་བརྡ་ཅུང་ཙམ་ལབ་རྗེས་དམར་དམག་ཕྱིར་ཕྱིན། ཕྱི་ཉིན་ཞོགས་པར་སྔ་མོ་ནས་ཆན་ཏ་ཡིས་སྒེའུ་ཁུང་ཕྱེ་སྐབས་དམར་དམག་འཐབ་འཛིང་པ་ཚོ་ས་གྲང་མོར་ཉལ་ཡོད་པ་མཐོང་སྐབས། ཁོའི་མིག་མཆི་མས་གང་ནས་དམར་དམག་ཚོ་ཁྱིམ་དུ་ཁྲིད་ནས་ཟ་མ་སྟེར་ཞིང་ཁྱིམ་དུ་ངལ་གསོ་རུ་བཅུག། འདི་འདྲ་བྱས་ནས་ཉིན་གསུམ་འགོར་རྗེས་རྫོང་མཁར་ནས་བྲོས་བྱོལ་སོང་བའི་བཟའ་ཟླ་ཡིས་ཆན་ཏ་ལ་སེམས་ཁྲལ་བྱས་ཤིང་། མོས་བུ་མོ་ཆན་ཡུས་རུའུ་ཁྱིམ་དུ་གནས་ཚུལ་རྒྱུས་ལོན་བྱེད་སར་མངགས། ཆན་ཏ་ཡིས་བུ་མོ་ལ་དམར་དམག་འཐབ་འཛིང་པས་ཁོ་ལ་ཟ་མ་བཟོ་རོགས་དང་གྱོན་གོས་འཁྲུད་རོགས་བྱས་པར་མ་ཟད། རྐང་འཁྲུད་ཆུ་ཡང་འཁྱེར་ཡོང་གི་འདུག་པས། ཁྱོད་ཀྱིས་མགྱོགས་མྱུར་དུ་མི་སེར་ཚོར་བློ་བདེ་པོ་བྱས་ནས་རང་ཁྱིམ་དུ་ལོག་ཆོག་གི་འདུག་ཟེར་ཤོག་ཅེས་བཤད་པ་རེད།

   ཆན་ཏ་ཚང་དུ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུ་གཉིས་བཀའ་མོལ་ཐེངས་དགུ་གནང་ཞིང་གྲོགས་པོ་བཟང་པོར་གྱུར། བློ་མཐུན་ཀྲུའུ་ཏེ་ཆན་ཏ་ཚང་དུ་ཟླ་ཕྱེད་ལྷག་བཞུགས་ཡོད། འགྲོ་ཁར་ཆན་ཏ་ཚང་ལ་འཕྲིན་ཡིག་ཅིག་བཞག་ཡོད།

མི་རབས་གསུམ་དང་གསར་བརྗེའི་རིག་དངོས།

དེ་ལོར་དམར་དམག་གིས་སྤྱད་མྱོང་བའི་ཐོན་སྐྱེད་འཚོ་བའི་ཡོ་བྱད།

དཀའ་སྡུག་ཚད་མེད་མྱོང་ཡང་རིག་དངོས་སྲུང་སྐྱོང་ཡག་པོ་བྱས།

 སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་ཡིས་བཞག་པའི་འཕྲིན་ཡིག་དེ་ཆན་ཏ་ཚང་གིས་ཉར་ཚགས་ཡག་པོ་བྱས་ཡོད།“རིག་གནས་གསར་བརྗེ་ཆེན་པོའི”སྔོན་ལ། ཆན་ཡུས་རུའུ་ཡི་ཁྱིམ་ཚང་ས་བདག་གི་གྲས་ལ་བགོས་ཤིང་མོ་ལ་ཡང་ཉེས་རྡུང་ཐེབས། སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེས་ཆན་ཏ་ལ་བྲིས་པའི་འཕྲིན་ཡིག་དང་ཁང་པ་བཅས་གཞུང་ལེན་བྱས་པ་རེད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་གཞི་ནས་དཀར་འདོན་བྱས་ཡོད་མོད། འོན་ཀྱང་འཕྲིག་ཡིག་དང་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་གཟིམ་མྱོང་བའི་བོད་ཀྱི་ཉལ་ཁྲི་དེ་གར་སོང་ཆ་མེད་དུ་གྱུར་ཡོད། སྤྱི་ལོ1972ལོར་དཀར་མཛེས་ཡན་ལག་དམག་ཁུལ་ཁང་གིས་འབྲས་རྒྱ་མ200སྦྲག་ཐོག་ནས་བསྐུར་བ་རེད། འབྲས་ནི་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་མཉམ་དུ་ཆན་ཏ་ཚང་དུ་བསྡད་མྱོང་བའི་དམར་དམག་གི་གསར་འགྱུར་འཕྲིན་སྦྱོར་པས་བསྐུར་བ་ཡིན་ཞིང་།

   སྐབས་དེར་གསར་འགྱུར་འཕྲིན་སྦྱོར་པས་ཁྱོད་ཚོས་སྔོན་ཆད་གུང་ཁྲན་ཏང་ལ་ཡག་པོ་བྱས་མྱོང་བས་ད་ལྟ་གུང་ཁྲན་ཏང་གིས་ཁྱོད་ཚོར་ཡག་པོ་བྱ་དགོས་པ་རེད་ཅེས་བཤད་པ་རེད།

  ཆན་ཡུས་རུའུ་ཚེ་ལས་མ་འདས་གོང་བུ་མོ་ལ་འཚོ་བ་ཅི་འདྲའི་དཀའ་ཁག་ཆེ་ཡང་དམར་དམག་གིས་བཞག་པའི་རིག་དངོས་སྲུང་སྐྱོང་ཡག་པོ་བྱ་དགོས་པ་ཡང་ནས་ཡང་དུ་གཏམ་ཡོད། བྱམས་པ་སྒྲོལ་མ་དང་ཁྱོ་བོ་སུང་ཁྲང་ཧྲེང་གིས་ནམ་ཡང་ཨ་མའི་སྐད་ཆ་སེམས་ལ་བཞག་ནས་དམར་དམག་གི་རིག་དངོས་ད་བར་དུ་ཉར་ཚགས་ཡག་པོ་བྱས་པ་རེད།

  སུང་ཁྲང་ཧྲེང་ད་ལོར་ལོ70ལ་སོན་པ་དང་། སྤྱི་ལོ1972ལོར་ཁྲེང་ཏུའུ་རུ་དམག་དཔུང་ནང་ཞུགས། སྤྱི་ལོ1974ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1976ལོར་དམག་ཁོངས་ནས་དཀར་མཛེས་རྫོང་དུ་ཕྱིར་ལོག་པས། ལས་བྱེད་ཕྱེད་མའི་གྲོང་བྱང་ཡུལ་ཤོག་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས་མྱོང་། ཟླ་རེའི་གླ་ཕོགས་སྒོར15ལས་མེད། དེ་རྗེས་སུང་ཁྲང་ཧྲེང་དང་བྱམས་པ་སྒྲོལ་མ་གཉིས་གཉེན་བསྒྲིགས་པ་དང་། བྱམས་པ་སྒྲོལ་མ་ནི་ཁྱིམ་ཚང་གི་གྲལ་རིམ་མཐོན་པོ་ཡིན་པས་སུང་ཁྲང་ཧྲེང་གི་ལས་ཀ་ཤོར་བ་རེད།

   སུང་ཁྲང་ཧྲེང་གིས་ང་ཚོས་རྒྱལ་ཁབ་ཀྱི་ཆེད་དུ་མི་ཚེ་གཅིག་ལ་རིག་དངོས་སྲུང་སྐྱོང་བྱས་ཤིང་། ཁང་པ་གསར་པ་རྒྱག་རྒྱུའི་འཆར་གཞི་དོར་ཡོད། མ་འོངས་པར་ང་ཚོ་འཇིག་རྟེན་འདི་དང་ཁ་བྲལ་དུས།ས་གནས་དེ་གའི་ཏང་ཨུ་དང་སྲིད་གཞུང་གིས་རིག་དངོས་སྲུང་སྐྱོང་ཡག་པོ་བྱས་ནས་མི་རབས་རྗེས་མར་སློབ་གསོ་གཏོང་བའི་ནུས་པ་འདོན་སྤེལ་ཡག་པོ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད། ཁྱིམ་གྱི་ཆ་རྐྱེན་ཡག་པོ་མིན་ན་ཡང་ཁོ་ཚོར་འགྱོད་པ་གཏན་ནས་སྐྱེས་མ་མྱོང་། སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དཀར་མཛེས་སུ་ཁོ་ཚོའི་ཁྱིམ་དུ་བཞུགས་མྱོང་བ་དེ་ནི་ཁོ་ཚང་གི་གཟི་བརྗིད་རེད། ཨ་མྱེ་དང་ཨ་མས་ནུས་ཤུགས་ཡོད་རྒུས་གསར་བརྗེའི་རིག་གནས་སྲུང་སྐྱོང་བྱེད་པ་ནི་ཁོ་ཚོའི་མི་རབས་གསུམ་གྱི་སྤོབས་པ་ཆེ་ཤོས་ཀྱི་བྱ་བ་ཞིག་ཡིན་པ་རེད།

རྒྱལ་ཁབ་ཀྱི་ཆེད་དུ་མི་ཚེ་གཅིག་ལ་རིག་དངོས་སྲུང་སྐྱོང་བྱས་ཤིང་། དཀར་མཛེས་རྫོང་གིས་ད་ལྟར་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་དཀར་མཛེས་དུམ་མཚམས་བསྐྲུན་པའི་གོ་སྐབས་དང་བསྟུན་ནས། དཀར་མཛེས་རྫོང་གི་གསར་བརྗེའི་ཐོན་ཁུངས་བསྡུས་ཤིང་། གསར་བརྗེའི་རིག་གནས་ལ་གཞི་ཚུགས་པ་དང་ས་གནས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། དཀར་མཛེས་རྫོང་གི་གཙོ་གནས་གྲོང་ཁྱེར་གྱི་མིང་བྱང་དང་ལྷོ་ནུབ་ས་ཁུལ་གྱི་དུས་རབས་གསར་པའི་གཅིག་ཆོག་ཅན་གྱི་གསར་བརྗེའི་སློབ་གསོའི་དཔེ་མཚོན་གསར་པ་གཏོད་བཞིན་ཡོད་པས་སུང་ཁྲང་ཧྲེང་དང་བྱམས་པ་སྒྲོལ་མ་གཉིས་ཀྱི་སེམས་ཁོང་རུས་པའི་གཏིང་ནས་སྤྲོ་བ་བརྟས་ཡོད། ཁོ་ཚོས་གསར་བརྗེའི་རྒྱུད་པ་དང་གསར་བརྗེའི་ཁྲག་རྒྱུན་དེ་དཀར་མཛེས་རྫོང་གི་ས་གཞི་ཆེན་མོར་མི་རབས་ནས་མི་རབས་བར་བརྒྱུད་འཛིན་ཐུབ་ངེས་ཡིན་པར་ཡིད་ཆེས་བཅངས་ཡོད་དོ།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་དགུན་ཁའི་དྲོད་འདོན་ལས་དོན་འདི་འདྲ་སྤེལ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་གསུམ་ཟུང་འབྲེལ་བྱས་ཏེ་རྒན་གསོའི་ཞབས་ཞུ་ལས་ཀ་སླར་ཡང་མཐོ་རུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།