བསམ་བློ་གསར་པས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྣེ་ཁྲིད་བྱ་དགོས།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-12-27

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དམའ་རིམ་ཐོན་རྫས་མཁོ་སྤྲོད་འགན་ལེན་བྱ་རྒྱུ་ནི་འཐབ་ཇུས་རང་བཞིན་གྱི་གནད་དོན་གལ་ཆེན་ཞིག་ཡིན་པས། ཀྲུང་གོ་བའི་ལྟོ་ཕོར་ག་དུས་ཡིན་རུང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས་པ་དང་ལྟོ་ཕོར་ནང་གཙོ་བོ་ཀྲུང་གོའི་འབྲུ་རིགས་བླུག་དགོས་ཞེས་ནན་སྟོན་གནང་བ་རེད། མཇུག་བསྒྲིལ་མ་ཐག་པའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ཏུའང་རེས་སྐོར་གསར་པའི་འབྲུ་རིགས་རྒྱ་མ་དུང་ཕྱུར་སྟོང་གི་ཐོན་ནུས་མཐོར་གཏོང་བྱ་སྤྱོད་ལག་བསྟར་བྱེད་དགོས་ཞེས་བཏོན་ཡོད།
ས་གནས་ཁག་གིས་ཕྱོགས་བསྡུས་བྱ་ཐབས་སྤྱད་ཐོག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚད་གཞི་མཐོ་བའི་ཞིང་ཁ་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གྱི་ལེགས་སྐྱེས་འབུལ་ཚད་མཐོ་རུ་གཏོང་བ། སོན་བཟང་ཁྱབ་རྒྱ་ཆེ་རུ་གཏོང་བ་སོགས་བྱས་ནས། ཐབས་བརྒྱ་ཇུས་སྟོང་གིས་རྒྱ་ཁྱོན་འགན་ལེན་དང་ཐོན་འབབ་འགན་ལེན་བྱེད་པ་དང་། དགུན་འདེབས་ཐོན་སྐྱེད་ཡག་པོ་བྱས་ནས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་ལྕི་པོ་ཏན་ཏིག་ངང་འཁུར་ཡོད།
2022ལོར་རྒྱལ་ཡོངས་ཀྱི་འབྲུ་རིགས་སྤྱིའི་ཐོན་འབབ་རྒྱ་མ་དུང་ཕྱུར་13731ཟིན་པ་དེ་ལོ་གོང་མ་ལས་རྒྱ་མ་དུང་ཕྱུར་74མང་དུ་ཕྱིན་ནས་ལོ་8བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་བརྟན་པོ་བྱུང་ཡོད། རྒྱལ་ཡོངས་ཀྱི་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་177498 ཟིན་པ་དེ་ལོ་གོང་མ་ལས་མུའུ་ཁྲི་1052ཆེ་རུ་སོང་ཡོད། འབྲུ་རིགས་འདེབས་ཁྱོན་ཟམ་མི་ཆད་པར་ཆེ་རུ་འགྲོ་བའི་རྒྱུ་མཚན་ནི། ས་གནས་ཁག་གིས་ས་རྒོད་བསྐྱར་སྦོལ་བྱེད་པ་དང་ས་ཞིང་ཡུག་སྦྲེལ་ངང་བཅོས་སྒྲིག་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་རྨོ་ཞིང་གི་རྒྱ་ཁྱོན་ཆེ་རུ་བཏང་བས་རེད།
མིག་སྔར། དགུན་དུས་སོས་དལ་དུས་སུ་སླེབས་ཀྱང་། ཅང་ཞི་ཧུའེ་ཁྲང་རྫོང་གི་ཚད་གཞི་མཐོ་བའི་ཞིང་ཁའི་རྣམ་གྲངས་ཀྱི་ལས་ཡུལ་དངོས་སུ་སྔར་བཞིན་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཡོད། འཕྲུལ་འཁོར་གྱི་འཛེར་སྒྲ་དང་བསྟུན་ནས་རྐོ་འདྲུའི་འཕྲུལ་འཁོར་གྱིས་ཡངས་ཤིང་རྒྱ་ཆེ་བའི་ཞིང་ནང་དུ་ཆུ་ཡུར་བཟོ་བ་དང་ས་ཞིང་ཁོད་སྙོམས་པོ་བཟོ་བ་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད། ད་ལོ་ཧུའེ་ཁྲང་རྫོང་གིས་མ་དངུལ་སྒོར་དུང་ཕྱུར་1.55བཏང་ནས་ཚད་གཞི་མཐོ་བའི་ཞིང་ཁའི་རྣམ་གྲངས་འཛུགས་སྐྲུན་གྱི་རྒྱ་ཁྱོན་མུའུ་ཁྲི་5ལ་སྐུལ་འདེད་བཏང་སྟེ་རྨོ་ཞིང་མུའུ་750གསར་སྤེལ་བྱ་རྩིས་ཡོད་པ་རེད། ཧུའེ་ཁྲང་རྫོང་ཞི་ཅང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲང་རུང་གིས། ཤང་གྲོང་10ཡི་ཚད་གཞི་མཐོ་བའི་ཞིང་ཁའི་རྣམ་གྲངས་སང་ལོའི་དཔྱིད་རྨོད་མ་བྱས་གོང་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ་དང་། ཞིང་ཁའི“ཚད་གཞི་མཐོ་པོ”མངོན་འགྱུར་བྱ་རྒྱུ་ཡིན་ཞེས་བཤད་ཡོད།
ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱ་རྒྱུ་དེ་འབྲུ་རིགས་བདེ་འཇགས་དང་འབྲེལ་བ་ཡོད་ལ། ཞིང་པའི་འབབ་འཕར་དང་ཡང་འབྲེལ་བ་ཡོད། ཧོ་ནན་ཕུའུ་དབྱང་ཧྥན་རྫོང་དུ། མུའུ་ཁྲི་46.65ཡི་དགུན་གྲོའི་སྐྱེ་ཚུལ་ཡག་པོ་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གས་རྨ་ཆུ་འདྲེན་ནས་བུལ་ཏོག་ཉུང་གཏོང་དང་བུལ་ཏོག་འཁྲུད་པའི་བྱ་ཐབས་སྤྱད་དེ་ས་ཞིང་བ་ཚྭ་ཅན་གྱི་ས་རྒྱུ་ལེགས་སུ་བཏང་ཡོད། ད་ལོ་བར་མུའུ་ཁྲི་18ཀྱི་ཆུ་འབྲས་དང་གྲོའི་ཐོན་འབབ་མཐོ་བའི་རྟེན་གཞི་བསྐྲུན་ཡོད་པ་དང་། ལོ་རེར་འབྲས་ཏུན་ཁྲི་9ལྷག་ཙམ་ཐོན་སྐྱེད་བྱེད་ཀྱི་ཡོད་པ་རེད། ཧྥན་རྫོང་དབྱང་ཅི་ཤང་གི་འབྲུ་འདེབས་དུད་ཆེན་ཀུའུ་ཧྭ་ཅུན་གྱིས། ད་ལོ་མུའུ་རེའི་ཐོན་འབབ་རྒྱ་མ་1300ལྷག་ཙམ་ཟིན་ནས་དེ་སྔ་ལས་མུའུ་རེ་ནས་རྒྱ་མ་100ལྷག་ཙམ་མང་དུ་ཕྱིན་ཡོད། དེ་ཡང་ས་ཞིང་མུའུ་རེ་ནས་སླར་ཡང་སྒོར་200ལྷག་ཙམ་མང་དུ་ཕྱིན་པ་དང་གཅིག་མཚུངས་ཡིན་ཞེས་བཤད་པ་རེད།
ས་གནས་ཁག་གིས་ད་དུང་དགུན་དུས་སྟོང་པར་བཞག་པའི་ས་ཞིང་དང་། གསར་སྦོལ་བྱས་པའི་ས་ཞིང་། “འབྲུ་རིགས་འདེབས་ས་མིན་པའི་”བཅོས་སྒྲིག་ས་ཞིང་སོགས་བེད་སྤྱད་ནས་དགུན་འདེབས་ཐོན་སྐྱེད་འཕེལ་རྒྱས་བཏང་ཡོད། ཀྲེ་ཅང་ཧུའུ་ཀྲོའུ་ཁྲང་ཤིང་ཞའོ་ཕུའུ་གྲོང་རྡལ་ཀའོ་ཏི་གྲོང་ཚོའི་མུའུ་སྟོང་གི་ཞིང་ལས་མཛེས་ལྗོངས་ཁུལ་དུ། ད་ལོ་ཐེངས་དང་པོར་ཚོན་ལྡན་པད་ཁ་འཛུགས་རྒྱུའི་ཚོད་ལྟ་བྱས་པ་དང་སྣ་ཁ་དེ་དག་གི་པད་ཁ་ནས་སྣུམ་ཐོན་ཚད་སྤྱིར་བཏང་པད་ཁ་ལས་20%ཙམ་གྱིས་མཐོ་བ་ཡོད་པ་རེད། ཀྲེ་ཅང་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་འདེབས་འཛུགས་ཁྲུའུ་ཡི་ཁྲུའུ་ཀྲང་ལིན་པའོ་དབྱི་ཡིས། གཅིག་ནི་པད་ཁ་མང་དུ་གཏོང་བ་དང་། གྲོ་བརྟན་པོ་ཡོང་བ་བྱེད་པ། སྔོ་ཚལ་དང་ཐན་འབྲུའི་ལོ་ཏོག་གཞན་དག་ཡག་པོ་འདེབས་རྒྱུར་གཅིག་གྱུར་འཆར་འགོད་བྱེད་པ་དང་ཆབས་ཅིག་མཛུབ་ཁྲིད་ཞབས་ཞུ་ཡག་པོ་སྒྲུབ་པ་དང་། ལྷག་པར་དུ་དགུན་དུས་ཀྱི་གེགས་འགོག་གེགས་སེལ་གྱི་ལས་དོན་ཡག་པོ་བསྒྲུབས་ནས་འབྱུང་འཕྲོད་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བཤད་པ་རེད།
འབྲུ་རིགས་ཐོན་འབབ་སྔར་བས་མཐོ་རུ་གཏོང་ཆེད། “འདེབས་འཛུགས་ལས་རིགས་དར་རྒྱས་གཏོང་བའི་བྱ་སྤྱོད”ལག་བསྟར་གཏིང་ཟབ་བྱེད་བཞིན་ཡོད་པ་རེད། སན་ཡ་ནན་ཧྥན་འདེབས་འཛུགས་རྟེན་གཞིར་ཆུ་འབྲས་དང་མ་རྨོས་ལོ་ཏོག སྲན་ཆེན་སོགས་འབྲུ་རིགས་སྐྱེ་དངོས་ཀྱི་སྡོང་ཕྲུག་སྔོ་ཐིང་ངེར་གནས་ཤིང་། དྲོ་སྐྱིད་ལྡན་པའི་དགུན་དུས་སུའང་སྐྱེ་སྟོབས་ཀྱི་དཔལ་རབ་རུ་འབར་ཡོད། ལོ་ལྟར་གྱི་དགུན་ཁར། རྒྱལ་ཡོངས་ཀྱི་ཚན་ཞིབ་ཁང་དང་སུའོ་800ལྷག་ཙམ་དང་། མཐོ་སློབ་དང་ཁེ་ལས་ཀྱི་ཞིང་ལས་རིགས་གཅིག་མཁས་ཅན་7000ལྷག་ཙམ་དེ་གར་ཡོང་ནས་སོན་གསོའི་ཚོད་ལྟའི་ལས་དོན་སྤེལ་གྱི་ཡོད་པ་རེད། སན་ཡ་ཀྲུང་གོ་ཞིང་ལས་སློབ་ཆེན་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཝང་ཧྥུ་ཅུན་གྱིས། སོན་གསོའི་ཆ་རྐྱེན་དང་སོན་གསོའི་ལག་རྩལ་ཟམ་མི་ཆད་པར་འཐུས་ཚང་དུ་འགྲོ་བ་དང་བསྟུན་ནས། ང་ཚོས་སྐྱེ་དངོས་སྣ་མང་རང་བཞིན་གྱི་མ་ལག་གསར་པ་ཁག་གཅིག་འཛུགས་རྒྱུ་ཚུད་པའི་སྐྱེ་དངོས་སྣ་མང་རང་བཞིན་སླར་གསོ་དང་རྒྱུན་འཁྱོངས་བྱེད་པར་ཕན་པ་མང་པོ་ཐོབ་ཡོད། ང་ཚོས་ངེས་པར་དུ་ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་བཟུང་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

  • ལེ་ཚན་སྔོན་མ།:2022ལོའི་རྒྱལ་ནང་གི་ལུས་རྩལ་གསར་འགྱུར་ཆེན་པོ་བཅུ།
  • ལེ་ཚན་རྗེས་མ།:ཆུ་ཚོད་རེར་སྤྱི་ལེ་1000ལྷག་བགྲོད་ཐུབ་པའི་འཁོར་རིགས་ཤིག་ཐོན་འདུག
  • དོ་སྣང་ཆེ་བའི་རྩོམ།