མཚན་མོའི་སྐར་མ།

ལྡེའུ་ནག        2022-12-26

དོ་ནུབ་མཚན་ལམ་སྙེག་པའི་མགྲོན་པོ་ང་། །

དམིགས་ཡུལ་མེད་པའི་ལྡོམ་པོ་ཞིག་དང་འདྲ། །

ཡིན་ཡང་སྔར་གྱི་ཞེ་འདང་ཆང་དཀར་མ། །

ད་དུང་སྦུ་བ་སོབ་སོབ་ཁོལ་བཞིན་འདུག །

མཚན་མོའི་སྐར་མས་བདག་ལ་ཁྲེལ་དགོད་བྱེད། །

བདག་ཉིད་སྐར་མའི་འོད་ལ་དུང་བ་ཆགས། །

སྒེའུ་ཡོལ་འོག་ནས་ཉིན་མཚན་དུས་དྲུག་ཏུ། །

སྐར་མའི་ཚོགས་རྣམས་ཇི་ལྟར་གཡོ་ལ་བྲེལ། །

སྣང་བར་ཆང་གིས་འཇའ་ཚོན་ཤར་བའི་ཚེ། །

དགུང་སྔོན་དབྱིངས་སུ་ཐེངས་ཤིག་ལྟ་བའི་དུས། །

སྐར་མ་སྨིན་དྲུག་མི་སྡོད་འཕུར་བར་བྱེད། །

སྐབས་དེར་ཡིད་ལ་སེམས་གཅོང་ལྗིད་པོ་ཞིག །

གློ་བུར་སྨུག་པ་རླུང་བཞིན་འཁྲིགས་པར་གྱུར། །

དེ་ནི་བཤད་པར་དཀའ་བའི་རྟོག་སྒྲུང་ཞིག །

བཤད་ཀྱང་ཡིད་ཆེས་དཀའ་བའི་སྐད་ཆ་ཞིག །

སྐར་མ་ཚོམ་ཚོམ་ངེད་གཉིས་མ་གཏོགས་པར། །

སུས་ཀྱང་ལས་དེའི་བྲེལ་ཟིང་ཚོར་དུ་མེད། །

སེམས་པ་གཉིས་འཛིན་མེ་ལོང་ངོས་གཉིས་མ།

རེས་སྐྱིད་རེས་སྡུག་མོད་སའི་བར་ནས་སྐྱོ། །


  • ལེ་ཚན་སྔོན་མ།:ཕྱི་ཐག་དབུས་ཀྱི་ལས་སྐལ།
  • ལེ་ཚན་རྗེས་མ།:ཆེས་མཐའ་མཇུག་གི་ཁྱེར་རྐྱང་།