ཧུན.དུར་རོ། 2022-12-19
ད་ནི་དབྱངས་གསལ་སྐུད་པའི་ཕྲེང་ཐག་ལ། །
ཚོར་བའི་མུ་ཏིག་རྡོག་པོ་རེ་རེ་འདོགས། །
ངག་རིག་ངང་བའི་བུ་མོའི་མགྲིན་པ་ལས།
བྱིན་རླབས་བདུད་རྩི་འཇོ་བར་ཐེ་ཚོམ་ཅི། །
མི་ཚེ་འདི་ལ་ཕུལ་ཞིང་གན་ལ་འབུལ། །
ལུས་གཟུཊ་རི་ལ་འབབ་ཞིང་ཐང་ལ་ཉུལ། །
རྣམ་རྟོག་ཀུན་ནས་ཀུན་ལ་ཉུལ་ཆེ་བས། །
ཐ་མའི་འབབ་སྟེགས་མ་རྙེད་དབྱིངས་ལ་འཕུར། །
ང་ཉིད་སྨྲེང་བའི་སེམས་པ་ཁུད་ན་འཕྱོ། །
མི་ལོ་ཉེར་ལྔའི་ལམ་ཁ་འདི་ལྟར་ཟད། །
སྐྱིད་ལ་སྡུག་པའི་འཁོར་བའི་བས་མཐའ་ནས། །
ང་ཉིད་དབྱིངས་སུ་རྩེན་པ་ད་ཐེངས་ཡིན། །
སྨུག་ལོང་སྲབ་མོའི་ནང་གི་ཟིལ་བ་ཞིག།
དབེན་པའི་རི་ཟོམ་དཀྲིས་ནས་ཐང་ལ་ལྷུང་། །
བརྩེ་བའི་ཤ་ལན་འཇལ་བ་མ་ཡིན་ཀྱང་། །
སྲོག་གི་ཁེབས་མར་ཐོབ་པ་སྙིང་ནས་དགའ། །
དྲན་མགུར་རི་བོའི་སྐེད་ལ་དལ་གྱིས་དཀྲིས། །
ལོ་ཟླའི་ཁ་ཆར་བུ་ཡུག་དྲག་ཏུ་གཡོ། །
ན་ཆུང་སྨྲེང་བའི་མགུར་དེ་རི་ནས་བླངས། །
གཏམ་རྒྱུད་བྲང་ལ་སྦྱར་བ་ཐེངས་གཅིག་མིན། །
ཚེ་ཐུང་མི་ཚེའི་བྱ་བཞག་གང་མང་ཞིག།
སྤྲིན་དཀར་ཟོལ་གྱིས་རྒྱུ་ལ་ཟོལ་དུ་སྣང་། །
ཆུ་བོའི་རྦ་རླབས་ཇི་བཞིན་འཐོར་བ་དེ། །
རྟག་བརྟན་ངེས་པ་མེད་པའི་དན་རྟགས་ཡིན།།
ཡིན་ཆོག་པའི་མགུར་མ།
སྦྲ་གུར་ལྷས་རའི་ནང་གི་མེ་ཏོག་ཡིན། །
ཆར་ཟིལ་ཐང་སྟོང་ནང་གི་བདུད་རྩི་ཡིན། །
འཇོ་སྒེག་ཕ་ཡུལ་ཐང་གི་ལྭ་བ་ཡིན། །
ཨ་ཅག་ལས་ལ་བབས་པའི་རི་མོ་ཡིན། །
བེམ་པོ་ཕྱོགས་སུ་སྟོར་བའི་ཁ་བ་ཡིན། །
རྡུལ་སྐྱ་རི་དམར་ངོས་ཀྱི་རླུང་རྟ་ཡིན། །
མཛའ་བ་དེ་རིང་བབས་པའི་ལང་ཚོ་ཡིན། །
མཚན་མོ་མི་དག་སྟོང་བའི་ཁེར་རྐྱང་ཡིན། །
འཕག་འཚག་བྱིས་པའི་ངག་གི་ཨག་སྐད་ཡིན།
འཇིག་རྟེན་མི་ཁོམ་མང་བའི་ར་བ་ཡིན། །
ཟླ་འོད་ཤར་ནུབ་ཉུལ་བའི་གླ་བ་ཡིན། །
སྣང་བ་འགྲོ་འོང་ཆོག་པའི་སྒྱུ་འཕྲུལ་ཡིན། །
ཕྱི་དྲོ་ཉི་མ་ནུབ་པའི་སྔ་རོལ་ཡིན། །
སྲོད་ཀྱང་དེ་དང་འདྲ་པའི་ཁ་དོག་ཡིན། །
གངས་གྲོང་བོད་ལྭ་ཉུང་བའི་ལེ་ཚན་ཡིན། །
ཚིག་རིས་སྙིང་ན་མེད་པའི་མནའ་མ་ཡིན། །
རྟ་ཕོ་རི་ལ་ཞོགས་པའི་རྐྱང་ཁྱུ་ཡིན། །
སྒོ་ཕྱུགས་བྱང་ཁར་འགྲིམ་པའི་འབྲོང་ཁྱུ་ཡིན། །
ལན་ཆགས་ཐང་ན་ལུས་པའི་རྩྭ་སྐྱ་ཡིན། །
འབྲོག་པ་ཙོག་ཙོག་འགྲོ་བའི་རི་དྭགས་ཡིན། །
ངར་སྐད་སྐྱག་ཁང་ནང་གི་སྐད་སྒྲ་ཡིན། །
རལ་བ་སྒོ་ཁྱིའི་མཇུག་གི་རྔ་མ་ཡིན། །
ཁ་སྤུ་སྐྱག་ཁུང་ཁ་ཡི་བ་སྤུ་ཡིན། །
ངོ་ནི་ཁྲེལ་གཞུང་བོར་བའི་བརྡ་རྟགས་ཡིན། །
རྩོམ་གསར། 10