ཐལ་རྡུལ་ཁྲོད་ཀྱི་ཕ་ཡུལ་སྨུག་པོ།

ལྷ་ཚང་ཚུལ་བསྟན།        2022-12-19

མང་པོ་ཞིག་ལ་གོ་ཐོས་སུ་གྱུར་མྱོང་ཡོད་པའི་སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྱི་གསུང་གི་ལང་ཚོ་ཞིག་ལ། བདག་ནི་ལྷ་ཡུལ་ལྟ་བུའི་རྒྱལ་ས་ན་གནས་ཀྱང་།། ཕ་ཡུལ་དྲན་པའི་འདུན་པ་འགོག་ཐབས་རང་མི་འདུག། ཅེས་གོ་བདེ་ཞིང་རྟོགས་སླ་བའི་ཚིག་རྐང་འདི་གཉིས་ངག་སྐྱོར་ཐེངས་མང་བྱེད་མི་དགོས་པར་ཐོས་མ་ཐག་ནས་ཞེ་བློ་གཏིང་ནས་མགུ་བ་དང་བཅས་ཏེ། ཚེ་སྲོག་གི་ཆེས་ཟབ་ས་ཞིག་ལ་གཏན་དུ་མི་འཇིག་པར་གནས་ཐུབ་པ་ནི། སུས་ཀྱང་བརྗེད་དུ་མེད་པའི་བྱིས་དུས་ཀྱི་རྩེད་ར་དང་། བསླུ་བ་མེད་པའི་དཀོན་མཆོག་གསོན་པོ་ལྟ་བུའི་ཕ་མ་དང་ཨ་ཕྱི་ཨ་མྱེས་དག་གི་གཅེས་བསྐྱངས་གཙང་མ་ཞིག་ཐོབ་མྱོང་བའི་ཕ་ས་མ་ཡུལ་ཞེས་པའི་སེམས་ཀྱི་གཞིས་ཀ་ཆུང་ཆུང་དེ་ལ། ལྡོག་ཏུ་མེད་པའི་དུངས་ཞེན་ལྕི་མོ་ཞིག་དང་། གསུབ་ཏུ་མེད་པའི་ཡིག་འབྲུ་དོད་པོ་ཞིག་བཞེངས་བསྐྲུན་བྱས་ཡོད་པས་རེད་ཨང་།

ཁ་སང་དེ་རིང་སྟེ། ཕྱི་དངོས་པོའི་དཔལ་ཡོན་བླ་ནས་བླ་རུ་སྙེག་ཅིང་། མཛེས་པའི་གྲོང་ཁྱེར་མུ་ནས་མུ་རུ་དར་རྒྱས་སུ་འགྲོ་བཞིན་པའི་དུས་འདིར། སྐབས་སྐབས་སུ་ཕྱོགས་བཞི་མཚམས་བརྒྱད་ཀྱི་བྱ་བའི་ངལ་དུབ་དག་རིང་དུ་དོར་ཏེ། འཇིག་རྟེན་ཕུན་ཚོགས་ལོངས་སུ་སྤྱོད་པར་འབད་ནས། ཕྱིའི་བཀོད་བ་ཁྲ་ཁྲ་རིག་རིག་གི་རྒྱན་ཆ་དང་། ནང་གི་ཇུས་འགོད་དྭངས་གཙང་ཡིད་འོང་གི་བརྗིད་ཉམས། ཞིམ་མངར་རོ་མཆོག་ལྡན་པའི་བཟའ་བཏུང་མོད་པོ། འགྲུལ་བཞུད་ལམ་གྱི་ཡོ་བྱད་སོགས་གང་གི་ཐད་ནས་ཀྱང་བདག་གི་ཕ་ཡུལ་དང་བསྡུར་ན། གནམ་དང་ས་ལྟ་བུའི་སྔོན་ཐོན་གྱི་གཞན་ཡུལ་དག་ལ་ལྗོངས་རྒྱུར་ཆས་ཀྱང། ཕ་ཡུལ་ལས་ལྷག་པའི་དྲན་ཤིང་གི་སྡོང་པོ་ཞིག་དང་། གཏིང་ཟབ་པའི་བག་ཆགས་གསར་བ་ཞིག་འཇོག་ཐུབ་ཀྱིན་མེད་པ་འདི་ནི། སྲིད་པའི་གཏམ་དཔེ་ཞིག་ལ། བསམ་བའི་སྟེང་གི་གནད་དོན་དང་། ལུས་པོའི་སྟེང་གི་ནད་གཞི་ནི། དྲན་སླ་ཞིང་བརྗེད་དཀའ་བའི་ཕ་ཡུལ་གྱི་གྲོ་ནས་སྲན་གསུམ་དང་། ཕ་མ་སྤུན་མཆེད། ཡུལ་མི་ཁྱིམ་མཚེས། བདག་གི་བྱིས་བློ་གཙང་མ་ན་སོན་སའི་ས་རྡོ་རི་བྲག་སོགས་ཀྱིས་ངའི་ལུས་ངག་ཡིད་གསུམ་སྔ་མོ་ནས་བསླུས་ཚར་བས་མ་ཡིན་ནམ།

རང་རེ་ཕལ་ཆེར་བས། སོ་སོའི་ཕ་ཡུལ་ལ་དུང་ཞེན་གྱི་བསྟོད་པ་དང་གཅེས་འཛིན་གྱི་འདུ་ཤེས་གསལ་བཤད་གནང་སྐབས། མི་རིགས་དང་རྒྱལ་ཁབ་སུ་ལའང་ངོམ་ཆོག་ཆོག་གི་མཐོ་ཞིང་བརྗིད་པའི་ལྷུན་པོ་དང་། ཡངས་ཤིང་ཆེ་བའི་རྩྭ་ཐང་། དྭངས་ཤིང་བསིལ་བའི་གཙང་བོ། རྟ་ནོར་ལུག་གསུམ་གྱིས་བརྒྱན་པའི་སྦྲ་ནག་སོགས། ཐ་སྙད་སྦོམ་པོ་ཏག་ཏག་བེད་སྤྱད་དེ། ཐག་རིང་ཐག་རིང་ཞིག་གིས། ཐག་ཉེ་ཐག་ཉེ་དེ་མཚོན་པར་བྱེད་པར་ཤིན་ཏུ་སྤྲོ་མོད། གོམས་སྲོལ་དེ་ལས་ཅུང་ཟད་ལྡོག་སྟེ། ག་དུས་ཡིན་ཡང་ཁ་ཐག་ཅུང་ཙམ་རིང་ས་ཞིག་ལ་ཐོན་ཚེ། ངེས་པར་དུ་ཕྱིར་ལོག་ན་འདོད་པའི་བདག་གི་ཕ་ཡུལ་ནི། གཞན་གཅིག་ལའང་ཡོད་མ་མྱོང་བའི་ཧ་ལས་དགོས་པ་དང་། ཧང་སངས་འགྲོ་བའི་རི་བོ་དང་ཆུ་བོ་མྱི་བོ་སོགས། བོ་རྐྱང་རྐྱང་གིས་གྲུབ་པའི་ཁྱད་འཕགས་ཀྱི་ཞིང་ཁམས་ཤིག་མིན་པར། གྲང་ངར་གྱི་ལྷགས་རླུང་རྒོད་ཅིང་ཐལ་རྡུལ་གྱི་འཚུབ་ཆ་ཆེ་བ། རི་དང་བྲག་གི་ངོ་གཟར་བའི་ལུང་མདོ་ཞིག་ཏུ་ཆགས་ཡོད་པ་དང་། རོང་མ་འབྲོག་གིས་འཚོ་བ་རོལ་བའི་ཡུལ་སྡེ་ཞིག་ཡིན། འབྱོར་ཕྱུག་གི་ཆ་ནས་ཀྱང་ཕུན་སུམ་ཚོགས་པ་དང་གང་འདོད་འདོད་དུ་ལོངས་སུ་སྤྱོད་ཆོག་པའི་རྒྱས་སྤྲོས་ཅན་ཞིག་མིན་ནའང་། དེ་ཀར་ཡོད་པའི་རི་དང་བྲག ཞིང་དང་ལྷས་ར། ལམ་དང་རྩིག་པ། མཐའ་ན་ཞོགས་པའི་བསང་དུད་དང་། དགོང་སྲོད་ཀྱི་ཉི་མའི་གྲིབ་སོ་དང་བཅས་པ། ངའི་དྲན་པའི་ཀློང་ན་མཛེས་སྡུག་གིས་བཞད་ཡོད། ངའི་ཤ་ཁྲག་རུས་གསུམ་ལ་རི་མོ་ལྟར་བརྐོས་ནས་ཡོད།

ང་སློབ་གྲྭ་ན་ཡོད་དུས། ནང་པའི་རིག་གཞུང་གི་དགོངས་དོན་དང་མཐུན་པའི་འཇིག་རྟེན་བརྩེ་བའི་བདག་པོ་ལྟ་བུའི་རླབས་ཆེན་བའི་དགེ་རྒན་བཀའ་དྲིན་ཅན་དང་། འཆད་ཉན་ཤེས་བྱའི་གནས་ལ་འབད་འབད་དུང་དུང་གནང་དང་གནང་བཞིན་པའི་སེམས་མཐུན་གྱི་སློབ་གྲོགས། ཕ་ཡུལ་དང་བསྡུར་ན་ཕྱོགས་རིས་ཀྱི་ལྟ་བ་དང་། གོང་འོག་གི་འཁྲུག་རྩོད། དབང་ཆེན་གྱི་གཉའ་གནོན་སོགས་རིང་དུ་དོར་ཏེ། ལས་རྒྱུ་འབྲས་དང་། ཚེ་འདི་ཕྱི། བདེན་པའི་གནས་ལུགས་བཅས། ལེགས་ཉེས་ཀྱི་བླང་དོར་གསལ་བའི་ཤེས་བྱ་རིག་པའི་དགའ་ཚལ་འདི་ལྟ་བུ་ཞིག་ལ་གནས་ཀྱང་། ཉིན་མོའི་སློབ་ཁྲིད་དང་། མཚན་མོའི་རྨི་ལམ་ཚུན་ཆད་ཅི་འདི་མེད་པར། ག་ཤེད་ཅིག་ནས་དྲན་ཡོང་བ་ནི་ཕ་ཡུལ་གྱི་ཆ་ཤས་ཤིག་གམ། ཡང་ན་ཕ་ཡུལ་གྱི་སྣོད་བཅུད་ཧྲིལ་བོ་དེ་ཡིན་འགྲོ། དེ་ནི་ཆགས་སྡང་གི་སྐྱོ་སྡུག་དང་། མཛའ་བརྩེ་ཡི་ཨ་ལོང་སྦྲེལ་བའི་འཁྲུག་ཆ་དོད་ལ་མ་དོད་པའི་བདག་གི་ལྟེ་ཁྲག་འཕོས་ས་སྟེ། ལས་ཀྱིས་བསྐོས་པའི་སེམས་ཀྱི་རི་སྡེ་སྨུན་པོ་དེ་ཡིན་པས་མིན་འགྲོ་སྙམ་འོངས། མདོར་ན། ལམ་གང་དུ་ཆས་ཀྱང་། མི་སུ་དང་འགྲོགས་ཀྱང་། བྱ་བ་ཅི་ཞིག་སྒྲུབ་ཀྱང་། གནས་གང་དུ་བསྡད་ཀྱང་། ཕ་ཡུལ་དྲན་ཡོང་བ་ནི་རྒྱུན་ལྡན་གྱི་གོམས་གཤིས་ཤིག་ཏུ་གྱུར་ཡོད་ལ། ཕ་ཡུལ་ལ་བསླེབས་ཐེངས་རེ་རེར་ཡུན་རིང་ཉར་བའི་སྐྱོ་བ་སངས་ཤིང་། སྙིང་ཉེ་བའི་ཡུལ་མི་རྣམས་ལ་སེམས་ཁུར་ཞིག་ཀྱང་འགོག་མེད་དུ་སྐྱེ་འོངས་བ་ཡང་ཁོ་བོར་མཚོན་ན་དགེ་བ་ཞིག་ཡིན་ནོ།།

ང་རྒྱལ་སྐྱེ་ཆོག་པ་ཞིག་ལ། ཕ་བཟང་བུ་ཡིས་ཕ་ཡུལ་མི་བརྗེད་། ཅེས་པའི་བདག་འཛིན་རགས་པ་ཞིག་སྟེ། གཉེན་པོ་དུ་མས་འགོག་ཐབས་མ་མཆིས་པའི་སེམས་ཀྱི་ན་ཟུག་ཅིག བདག་གི་སེམས་སུ་ཡོད་པ་ནི་བདེན་པ་བདེན་རྐྱང་ཡིན་མོད། འདིའི་ཕུགས་དེད་ནས་སོང་ན། ཕ་མ་བཟང་པོས་བུ་ཕྲུག་མི་བརྗེད། ཅེས་པའི་གཅེས་འཛིན་གྱི་གདུང་བ་ཟབ་མོ་འདི་ནས་འགོ་བརྩམས་ཏེ། ཞིང་ལས་ཉུང་ཉུང་རེ་དང་། ཕྱུགས་ལས་རྩག་རྩིག་རེ། ཤིང་ལས་ག་གེ་མོ་གཉེར་བཞིན་པའི་ཡུལ་མི་ཁྱིམ་མཚེས་དག་གི་འཚོ་བའི་ཁ་དོག་དང་། དགའ་རེས་ཁྲོ་རེས་བྱས་དང་བྱེད་པའི་འགྲོ་རོགས་དང་། འདུག་རོགས། ལས་རོགས། ཟ་རོགས། མདོར་བསྡུས་ན། གསོན་ན་གསོན་རོགས་དང་། ཤི་ན་ཤི་རོགས་སུ་གྱུར་པའི་ཡུལ་སྡེ་འདིའི་ཡོད་ཚད་ཀྱིས། ངའི་དྲན་པའི་སྟེང་ལ་ཕ་ཡུལ་ཞེས་པའི་མར་མེ་ཚེ་འབར་ཞིག་བསྒྲོན་ཚར་ཡོད་པ་ནི། ཕ་ཡུལ་དང་གྱེས་པའི་དུས་ག་གེ་མོ་དག་གིས་ང་ལ་ག་ལེ་གསལ་བཤད་བྱེད་ཡོང་གི་འདུག་གོ།།

གང་ལྟར་སྙན་ངག་པ་སྙན་བུ་ལགས་ཀྱི་སྙན་ངག་ཅིག་སྟེ། ཕ་ཡུལ་ན་ཡོད་དུས། ང་ནི་ཕ་ཡུལ་གྱི་ཆ་ཤས་ཤིག་ཡིན། ཕ་ཡུལ་ལ་རྒྱང་ལྟ་བྱེད་དུས། ཕ་ཡུལ་ནི་ངའི་ཆ་ཤས་ཤིག་ཏུ་གྱུར། ཅེས་པ་ལས་མ་འདས་པའི་ངའང་ཕ་ཡུལ་དང་ཁ་ཐག་རིང་ས་ཞིག་ལ་ལུས་ཡོད་དུས། ཕ་ཡུལ་ནི་ངའི་ཆ་ཤས་ཤིག་ཏུ་ཡང་ནས་ཡང་དུ་གྱུར་འགྲོ་སྟེ། ངའི་དྲན་པའི་ངོགས་ན་སྙིང་དུ་སྡུག་ཅིང་བརྩེ་བའི་འདབ་མ་ཞིག་ལྟར་ཝ་ལེར་བཞད་ཀྱིན་ཡོད། དེ་ལྟར་བསམ་གཞིག་ཅིག་བྱེད་དུས། ང་ནི་ཕ་ཡུལ་གྱི་ཆེད་དུ་གསོན་པ་མིན་ཡང་། ནམ་ཡང་བརྗེད་དུ་མེད་པའི་ཕ་ཡུལ་ཞེས་པའི་ཐ་སྙད་འདི། ཡིད་ལ་འཁོར་འཁོར་བྱེད་པར་གྲངས་ཀ་ལོང་བའི་དུས་ཤིག་ཚེས་མྱོང་མེད་དེ། དེ་ནི་ངག་རྒྱུན་ཞིག་ལ། རང་ཡུལ་གད་པ་ཡིན་རུང་སྐྱིད་ཟེར་བ་འདིས། ཁ་ཁོག་མེད་པའི་སྒོ་ནས་གནའ་ནས་འགྲེལ་བཤད་གནང་བཞག་ཡོད་ཨང་།

  • ལེ་ཚན་སྔོན་མ།:ཨ་མ་མ་ལོ་སེམས་ཀྱི་ཁེན་ས་ཡིན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།