ང་རྒྱུ་དང་འབྲས་བུའི་ཁྲོད་ནས་ས་བོན་བཞིན་ཁྱེད་ཀྱི་སྙིང་ན་འབུས་ཡོད།

ལོང་ལྐུག་གཟའ་སྨྱོན།        2022-11-16

ང་རང་དམའ་འབྲིང་མཐར་ཕྱིན་ཏེ་འབྲིང་རྒྱུགས་བཏང་བ་དང་། པེ་ཅིང་ཚོད་ལྟའི་སློབ་འབྲིང་ནས་སློབ་འཁྱུར་བྱས་ཏེ་ལྷ་ས་པེ་ཅིང་སློབ་འབྲིང་དུ་ཞུགས་པ་ཡིན། དེས་ནི་བདག་ལ་སྐྱིད་ཅིང་སྡུག་ལ། རྙོག་འཛིང་ཆེ་བའི་བརྩེ་དུང་གི་འཕྲང་རིང་ཞིག་ལ་ཤེས་རབ་ཀྱི་འགྲུལ་བཞུད་ཐེངས་ཤིག་བྱེད་པའི་རྟེན་འབྲེལ་འགོ་ནས་འགྲིག་པའི་མཐུན་རྐྱེན་དུ་གྱུར།

ཁོ་མོའི་མིང་ལ༞ཟེར། ངེད་གཉིས་ཐོག་མར་ཁ་བརྡ་བྱེད་དུས་ནི་སློབ་དཀྱིལ་ཡིག་རྒྱུགས་ཀྱི་རྒྱུགས་འབྲས་ཐོན་མ་ཐག་པའི་འཛིན་ཚོགས་དེ་ཡིན་ཞིང་། དེ་དུས་འཛིན་བདག་དགེ་རྒན་གྱིས་རྒྱུགས་འབྲས་ལ་བསྟུན་ནས་གྲལ་མཚེས་བཀོད་སྒྲིག་བྱེད་དུས་ཁོ་མོ་རྒྱུགས་ཨང་དྲུག་པར་སླེབས་པས། རང་མོས་ཀྱིས་གྲལ་མཚེས་བདམས་ནས་སྟར་པ་གསུམ་པར་བསྡད་སོང་། ང་རང་རྒྱུགས་ཨང་བཅུ་པ་ཡན་གྱི་གྲལ་མཚེས་རང་འདེམ་བྱེད་པའི་འོས་བབ་མེད་པར། འཛིན་བདག་དགེ་རྒན་གྱི་གཅིག་གྱུར་བཀོད་འདོམས་བརྒྱུད། ཁོ་མོའི་གྲལ་རྒྱབ་ཏུ་ཁེལ་ཏེ་ང་གཉིས་གཞུང་སྒྲིག་གཅིག་གི་སློབ་གྲོགས་སུ་གྱུར་བ་རེད། ངས་དཔེ་དེབ་ཅིག་མཆན་དུ་བཅུག་སྟེ་དེར་བསྡད་དེ་དཔེ་དེབ་ཀྱི་ཞལ་ངོ་ཕྱེ་རུང་། ངའི་བསམ་པ་མཐའ་སྐོར་དུ་སློབས་གྲོགས་སུ་སུ་ཡོད་མིན་ལ་ཕྱོགས་ནས་ཡོད། ཡིག་རྒྱུགས་དེ་ནི་ང་ཚོ་མཐོ་འབྲིང་དུ་ཞུགས་པ་ནས་སྤྲད་པའི་ཡིག་རྒྱུགས་ཐོག་མ་ཡིན་ཞིང་། ང་ཚོ་སློབ་མ་ཚང་མ་ཐོག་མར་སློབ་གྲྭ་འདིར་ཡོང་དུས་འབྲིང་རྒྱུགས་གི་སྐར་གྲངས་ལ་ཁྱད་པར་ཆེན་པོ་མེད་ཅིང་། ང་ཚོའི་ཐོག་མའི་རྨང་གཞི་ལ་ཧེ་བག་ཆེན་པོ་མེད་པའང་གཅིག་མཚུངས་ཡིན་ཡང་། ཡིག་རྒྱུགས་འདིས་སློབ་སྐབས་གསར་པ་ཚུགས་པ་ཚུན་ཆད་ཀྱི་དུས་ཡུན་ཅིག་གི་བརྩོན་པ་ཆེ་ཆུང་མཚོན་པ་ཡིན་པས། འཛིན་བདག་དགེ་རྒན་གྱིས་དུས་རྒྱུན་རྩེད་མོར་གཡེང་བའི་སློབ་མ་དག་ལ་གོ་བརྡ་སྤྲོད་པའི་ཆེད་དུ། རྒྱུགས་ཨང་ཞན་པའི་སློབ་མ་དང་།རིག་ཚན་རྐྱང་པའི་གྲུབ་འབྲས་ཡག་པོ་མེད་པ་དག་ལ་རང་ངོས་ནས་དགེ་རྒན་བཙལ་ཏེ་སྔར་བྱས་འགྱོད་འཆགས་དང་ཕྱིས་འབྱུང་ཉེས་འགོག་བྱེད་པའི་སྤང་བླང་ཇི་ལྟར་ཡིན་ཚུལ་ལ་ཁོང་དང་གྲོས་མོལ་དགོས་པའི་མངག་ཆ་བྱས་ཏེ་བུད་སོང་། སྐད་ཆ་དེས་འཛིན་ཁང་ཡོངས་འུར་ཟིང་གི་རྣམས་ཁེངས་པར་བྱས། དེ་དུས་ཁོ་མོས་ཁ་མར་འཁོར་ནས་འཛུམ་ཆུང་དང་བཅས། ཁྱོད་དགེ་རྒན་བཙལ་ནས་གླེང་མོལ་བྱེད་པར་འགྲོའམ་ཟེར། ངས་ད་དུང་ཤེས་མ་སོང་ཟེར་བའི་གཏམ་ལན་བྱིན་དུས་ཁོ་མོའི་ངོ་གདོང་ཁ་རས་ཀྱིས་བཏུམས་ནས་གསལ་ཐག་ཆོད་ཅིག་མ་མཐོང་ཡང་།ཁོ་མོའི་འཕག་འཚག་སྐྱེན་པའི་ལུས་པོ་དང་། རྣོ་ཞིང་མྱུར་བའི་མིག་འོད། དཀར་གསལ་ཟླ་ཞུན་བྱུགས་པ་ལྟ་བུའི་ཤ་རྩ་སོགས་ནི་ལྟ་བས་ཆོག་མི་ཤེས་པར་མཐོང་སོང་སྟེ། བྲེལ་ཤའང་ཅུང་ཙམ་མིན་པར་ལངས་སོང་།

ང་རང་ནི་སྐད་ཆ་ཤོད་རྒྱུར་དགའ་པོ་མེད་པ་དང་། རྒྱུན་དུ་ཁེར་འགྲོ་ཁེར་སྡོད་བྱེད་པར་གོམས་པ་ཞིག་ཡོད། ངས་དེ་ལ་འདང་བརྒྱབ་མྱོང་། ངས་བསམས་ན། སྤྱིར་ང་རང་ཆུང་དུས་འབྲོག་ཁུལ་ནས་འཚར་ལོངས་བྱུང་ཞིང་། སློབ་ཆུང་ལོ་རིམ་བཞི་པར་ལྷ་སར་སློབ་འཁྱུར་བྱས་པ་ཡིན་པས། གཅིག་ཏུ་ན་རྒྱ་སྐད་རྒྱ་ཡིག་གི་གོ་བརྡ་མི་འཕྲོད་ཅིང་། གཉིས་སུ་ན་ཁོ་ཚོ་དང་བསྡུར་ན་ངས་ལྷ་སའི་སྐད་ལའང་བྱང་ཆ་མེད་པས་རྒྱུན་པར་ཁེར་རྐྱང་དུ་ལུས་ཤིང་། དགེ་སློབ་སུ་ལའང་སྐད་ཆ་ཤོད་འདོད་མ་སྐྱེས་ཏེ། རིམ་བཞིན་དེ་གོམས་ལོབ་ཏུ་གྱུར་ནས། རྒྱ་སྐད་ཀྱི་སློབ་ཚན་ཚང་མར་གོ་བརྡ་འཕྲོད་ཅིང་། ལྷ་སའི་སྐད་ཀྱང་ཐོགས་མེད་དུ་སྨྲ་བར་ནུས་ཀྱང་། ཁེར་འགྲོ་ཁེར་སྡོད་ལ་འགྲོགས་འདྲིས་ཟབ་པས་བསྒྱུར་བཅོས་མ་ཐུབ་པར་གྱུར་སོང་སྙམ་སྟེ། དུས་རྒྱུན་སློབ་མ་དག་གི་ཁ་བརྡའི་ཁྲོད་དུ་དམིགས་བསལ་གྱིས་ངས་མི་ཤེས་པའི་མིག་བརྡ་ཐ་སྙད་ཅིག་དང་། ངས་མི་འཁྱོངས་པའི་ཚིག་གི་སྒྱུ་རྩལ་མངོན་མཚན་པ་ཧ་ལམ་མི་འདུག།

རྒྱུན་དུ་གཞན་ལ་འགྲོགས་འདྲིས་མེད་པའི་ང་ལ་མཚོན་ན་བུ་མོ་ཞིག་ལ་བརྩེ་དུང་གི་མྱུ་གུ་འབུས་སུ་འཇུག་རྒྱུ་ནི་ཅི་འདྲའི་དཀའ་ཁག་ཆེ་བ་ཞིག་མ་རེད་དམ། མ་ཟད་ངས་དེ་མུར་ཁོ་མོར་དགའ་རོགས་ཀྱང་ཡོད་པ་ཤེས་བྱུང་། འོན་ཀྱང་ངས་ཁོ་པར་སྣང་དོགས་སྤུ་ཙམ་མེད་པར་བློ་ཁོག་བསྐྱེད་དེ་ཁོ་མོ་དང་ཅི་བགྲོས་མོས་བགྲོས་ཤ་སྟག་བཤད་རྒྱུར་འབད་འབུངས་དང་ཧུར་བརྩོན་བྱས། ད་དུང་གཞན་རྩོམ་གཅོད་བྲེགས་གཏུབ་གསུམ་གྱིས་དྲས་ནས་ཡོང་བའི་རྩོམ་ཡིག་འགའ་ཞིག་ད་ལྟ་བལྟས་ན་ཚིག་གི་དག་མི་འཁྱོངས་པ། དོན་གྱི་གནད་མི་ཐོན་པ། རྡོ་ཆག་བཙན་སྒྲིག་གི་ཡིག་ལོང་མང་པོ་གཅིག་ཏུ་སྤུངས་ཏེ་སྐད་འཕྲིན་གྱི་ཚོགས་པ་དག་ཏུ་བསྐུར་ནས་རང་གི་གྲགས་འདོད་རྙེད་འཚོལ་གྱི་མངོན་འདོད་ཕྱིར་ཕྱུངས། ཚུལ་དེ་ནི་ངས་ཆེད་དུ་རང་ཉིད་དམིགས་བསལ་བ་ཞིག་ཏུ་བསྒྱུར་བའི་ཉེར་བསྡོགས་ཡིན་ཞིང་། ཁོ་མོ་དང་བཅས་པའི་སློབ་མ་ཚང་མས་ཡིག་ཚོགས་མང་ལ་ཚེག་བར་མང་བའི་ཡིག་རྙོག་དག་ལ་ཤེས་རབ་ཀྱི་སོས་མ་ཟིན་ཅིང་། རྣམ་དཔྱོད་ཀྱི་ཁར་མ་ཆུད་པར་ཡིག་ལམ་ནས་ཕན་ཚུན་ལ་ཧ་ལས་པའི་རྣམ་འགྱུར་ཁོ་ན་བསྟན་ཅིང་། སྒེར་འབྲེལ་བྱེད་མཁན་ཡང་མི་ཉུང་བ་ཞིག་བྱུང་ནས་ང་ལ་མདུན་ལམ་བཟང་ཟེར། ཁོ་མོ་ནི་དེ་དག་གི་གྲས་སུ་ཚུད་པ་ཞིག་ཡིན། གང་ལྟར་སྐད་འཕྲིན་གྱི་བྱང་བུ་བརྒྱུད་ནས་འབྲེལ་མཐུད་བྱེད་པ་ལའང་སྤྲ་ལག་དེ་ལྟར་དུ་རྩེད་པ་ཡིན།

ངེད་གཉིས་ཕན་ཚུན་འབྲེལ་མཐུད་བྱས་རྗེས། ཁོ་མོས་ཅུང་ཟད་གུས་ཆུང་གིས་ང་ལ་རྩོམ་རིག་ལ་སློབ་སྟོན་བྱ་རྒྱུའི་རེ་སྐུལ་བྱས་བྱུང་། ངས་ཀྱང་ཅི་ཞིག་ཤེས་ཡོད་ཁུལ་གྱིས་ཚམ་ཚོམ་གང་ཡང་མེད་པར་དང་དུ་བླངས། རིམ་བཞིན་ང་གཉིས་ཕན་ཚུན་གྱི་ལབ་གླེང་ཇེ་མང་ནས་ཇེ་མང་དུ་གྱུར་ཏེ། སློབ་སྦྱོང་དང་འཚོ་བའི་ཟུར་དང་ཆ་ཤས་མང་པོར་འཕྲོས། ད་དུང་ང་ལ་མཁས་པའི་ཞལ་གདམས་མང་པོ་ངག་ཏུ་བྱང་བ་ཞིག་ཡོད་པས། རྟག་པར་ལབ་གླེང་གི་ཞོར་ལ་དེ་དག་གསུག་བཞིན་དུ་བརྫངས་པས། དེ་དག་གི་ཚན་ཁས་ཁོ་མོ་མགུ་གང་བ་ཞིག་ཡོང་བ་ཡིན་ཏེ། ཁོ་བོས་གཟའ་མཇུག་གཅིག་གི་ལབ་གླེང་གི་ཞོར་དུ་གུས་ཚིག་དང་འཛུམ་མདངས་ལ་རིན་པ་མི་དགོས་པས་རྟག་ཏུ་གཞན་ལ་གུས་ཚིག་སྨྲ་ཞིང་གདོང་ལ་འཛུམ་གྱིས་བསུ་རོགས་ཞེས་བསྙད་པ་དེ་གཟའ་འཁོར་རྗེས་མར་ཁོ་མོས་སློབ་གྲོགས་གཞན་ལ་ཐོས་སྒྲོག་བྱེད་པ་ཁོ་བོ་རང་གིས་མཐོང་ཞིང་ཐོས། དེ་ལྟ་བུའི་འགྲོགས་འདྲིས་ཀྱིས་ངེད་གཉིས་ཕྱོགས་སོ་སོའི་བསམ་བློ་ལ་རྒྱུས་ལོན་བྱུང་བར་མ་ཟད།ང་ནི་དེ་ཡི་གཞན་དབང་དུ་གྱུར་ནས་གཟའ་མཇུག་གི་དུས་ཚོད་ཕལ་ཆེར་སྐད་འཕྲིན་གྱི་བརྡ་ལན་ལ་བསྒུགས་ཤིང་། གྲོགས་ཚོམས་དང་འཕྲིན་ཚོགས་ལ་ཅེར་ཏེ་ཁོ་མོའི་པར་ཡིག་རྣམས་ལ་བསྙད་བརྐོས་ཏེ། ངལ་གསོའི་སྦྱོང་ཚན་དང་སློབ་སྦྱོང་གི་འོས་འགན་དག་ཀྱང་ལམ་དུ་མ་ལྷོངས་ཀྱང་། འདོད་པས་གདུངས་པའི་གདགས་སྲིབ་ལ་ཤེས་རབ་ཀྱི་ཉི་ཟེར་ག་ལ་ཡོད་དེ་མེད་དོ།། ངེད་གཉིས་སྔར་མུས་སུ་ལབ་གླེང་གི་རྒྱུན་དང་དགོད་གཏམ་གྱི་ཟམ་མ་ཆད།

ཐེངས་ཤིག ཁོ་མོ་དང་དགའ་རོགས་ཀྱི་བར་ལ་འགྲིག་མཐུན་མ་བྱུང་བར་རྩོད་པ་ཤོར་འདུག། དེ་དུས་ཁོ་མོས་ང་ལ་འབྲེལ་ནས་སྨྲེ་ངག་མང་པོ་བཏོན། ཤིན་ཏུ་མ་དགའ་བར་འདུག། ངས་མོ་ལ་དགའ་རོགས་སྒྲིག་པ་ནི་སྐེ་ལ་ལྕེབ་ཐག་གོན་པ་ཡིན་ཚུལ་བཤད། ད་དུང་ཁོ་གཉིས་ཁ་བྲལ་དུ་གཏོང་ཕྱིར་མོ་ལ་ཡིན་ཡིན་ཅོག་ཅོག་གིས་བླང་བྱ་མང་པོ་ཞིག་བཏོན་ཡོད་དེ། སློབ་མའི་བྱ་བ་གཙོ་བོ་སློབ་སྦྱོང་བྱ་རྒྱུ་ཡིན་པ་དང་། སློབ་གྲྭར་འགྲིམས་པའི་སྐབས་ནི་རྣམ་དཔྱོད་ཀྱི་རྣོ་སོ་བརྡར་བའི་དུས་ཡིན་པ་ལས། བརྩེ་དུང་གི་མེ་ཁ་གསོ་བའི་མཚམས་མིན་ཚུལ། ཕ་མའི་འགེལ་ཕོག་འཁྲི་ལས་སུ་འགྱུར་མི་རུང་བ་དང་རེ་བ་ཆུད་མ་གཟོན་པ་ཞིག་དགོས་པ་སོགས་སྐད་ཆ་འདྲ་ཆགས་པོ་མང་པོ་བཤད། དེ་ལྟར་ཁོ་གཉིས་ཀྱི་ལག་འཇུ་གློད་པར་གཞི་མེད་དཀྲུག་ཤིང་དང་དབྱེན་སྦྱོར་མ་བྱས་ཀྱང་། གཟུགས་མེད་གཟུགས་བཅོས་ཀྱི་གཞེན་འདེབས་ཀྱི་ནུས་པ་ཐོན་ཏེ་ཁ་བྲལ་དུ་ལྷགས། ཁོ་མོས་ང་ལས་གོ་སྐོན་ཞིག་བྱུང་བའི་ཚུལ་གྱིས་ཕ་རུ་འབོད་པ་བྱུང་། མ་ཟད།རྟག་ཏུ་དགོད་པའི་འཛུམ་དང་། དགའ་བའི་ཉམས་ཀྱི་མཛའ་མཛའ་དང་དུང་དུང་བྱེད། འོན་ཀྱང་། དེ་ལ་བརྟེན་ནས་ང་ལ་དངོས་ཐོབ་ཀྱི་ཕན་པ་གང་ཡང་མ་བྱུང་། དེ་ཡང་གཙོ་བོ་ངས་བུད་མེད་ལ་དགའ་བའི་རྣམ་འགྱུར་སྟོན་དུ་མི་གཏུབ། ངག་སྙན་ལྕགས་ཀྱུས་དྲངས་ཀྱང་མ་ཐུབ། སེམས་ཀྱི་གསང་བ་དངངས་སྐྲག་གིས་བཅོམ་པས། དགའ་དང་མི་དགའི་སྐད་ཆ་ཕར་ལ་མ་བཤད་ཅིང་།འཐད་དང་མི་འཐད་ཀྱི་བསམ་འཆར་ཚུར་ལ་མ་བསྡུས་པས། ཉིན་ལྟར་སློབ་ཚན་གྱི་སྦྱོར་དངོས་རྗེས་གསུམ་ལ་མིག་གིས་འཚོས་ཤིང་། ངལ་གསོའི་དུས་ཡུན་ལ་ངག་གིས་བརྗོད་ནས། ཉིན་མཚན་དུས་དྲུག་ཏུ་སེམས་ལ་བསམམས་ནས་བསྡད།

ངེད་གཉིས་ཀྱི་བར་ལ་ལབ་གླེང་མ་གཏོགས་གང་ཡང་མ་བྱུང་བ་མིན་ཏེ། ང་ཚོ་མཐོ་འབྲིང་ལོ་རིམ་དང་པོ་ནས་གཉིས་པར་འཕར་སྐབས། རིག་ཚན་དང་རྩིས་ཚན་གྱི་དབྱེ་བས་ང་རང་རྩིས་ཚན་དུ་ཚུད་ཅིང་ཁོ་མོ་རིག་ཚན་དུ་ཚུད། ངས་ལོ་རྒྱུས་དང་ས་ཁམས་སོགས་བློ་འཛིན་བྱེད་རྒྱུ་གཡོལ་ཕྱིར་རྩིས་ཚན་བདམས་པ་ཙམ་མིན་པར། ཁོ་མོས་ཞོགས་པར་ཁོ་མོའང་རྩིས་ཚན་གདམ་རྒྱུ་ཡིན་ཁུལ་དྲྭ་རྒྱབ་ལ་བཞག་ཡོད་པས་ཡིན། ཕྱིས་སུ་འཛིན་བདག་དགེ་རྒན་གྱིས་ཁོ་མོའི་གནས་བབ་ལ་གཞིགས་ན་རིག་ཚན་སྦྱངས་ན་བཟང་ཚུལ་གྱིས་ཁ་ཏ་ཡང་ཡང་བྱས་མཐར་དེར་བསྒྱུར། གདམ་ང་དེ་ནི་ངས་རྦད་དེ་འཕྱུགས་སོང་བ་འདྲ། གལ་ཏེ་ངས་རིག་ཚན་བདམས་ཡོད་ཚེ། ཁོ་མོ་དང་འགྲོགས་འདྲིས་བདེ་ཞིང་རྟག་པར་མཐོང་ཐུབ་པ་སྨྲོས་མེད་ཐོག། སྔར་བས་གོམ་གང་མདུན་སྤོས་ཀྱིས་སེམས་ཀྱི་གསེང་དུ་བརྟོལ་ཐུབ། དེ་ནི་ང་ལ་མཚོན་ན་གལ་ཆེན་ཞིག་ཡིན་ཡང་། ད་དུང་རྒྱུ་མཚན་གཞན་ཞིག་ཡོད་པ་ནི་ང་རང་བོད་ཡིག་གི་རྨང་གཞི་ལེགས་ཤིང་བོད་ཡིག་གི་ཆེད་ལས་ལ་ཞུགས་རྒྱུ་ནི་ངའི་ཕུགས་བསམ་ཡིན། འོན་ཀྱང་། ངས་དེ་དུས་ཞིབ་ཆ་མ་ཕྱེ་བར་ཀ་ཀོར་ཚ་དྲགས་ཏེ། ཕྱིས་སུ་མཐོ་རྒྱུགས་སྤྲད་རྗེས་རིག་ཚན་གྱི་ཁོངས་སུ་གཏོགས་པའི་བོད་ཡིག་བདམས་མ་ཐུབ་པར་ལུས་ཤིང་། རྗེས་ལ་བོད་སྨན་ཞིག་ཏུ་རྒྱུགས་སྤྲད་ནས་ཕྱིར་བོད་ཡིག་ལ་བསྒྱུར་དགོས་ཐུག་པས། ད་ལྟའང་སློབ་སྐབས་ཤིག་གི་སློབ་ཚན་ཁ་གསབ་མ་བྱས་པར་ལྷག་ཡོད།འོན་ཀྱང་དེ་དུས་ངས་ཁོ་མོར་ལམ་ཁ་གཅིག་ཏུ་མ་ཁེལ་བར་གདུང་སེམས་དང་། ཕྱིས་སུ་ལས་ལམ་དགེ་བའི་སྨོན་འདུན་ཞུས་པས། ཁོ་མོས་ཀྱང་ང་ལ་སྐྱོ་ཞུམ་མི་བྱེད་པར་བསྐུལ་ཞིང་། སློབ་གྲྭའི་ར་སྐོར་ནང་ལོགས་ནས་ཐུག་འཕྲད་མང་པོ་འབྱུང་ཚུལ་བརྗོད་པར་མ་ཟད། གདོང་ཐུག་བྱུང་དུས་ཕན་ཚུན་ལ་འཚམ་འདྲི་བྱེད་ཟེར། དེ་དག་ཡོད་ཚད་དོན་ཐོག་ཏུ་འཁྱོལ་ཡོད་དེ། གནས་དང་དུས་ཀྱི་རྐྱེན་འཛོམས་དུས་ཕན་ཚུན་ལ་ཁ་བརྡ་མ་ཆད། ཟ་ཁང་དུ་ཟ་མ་ཉོ་དུས་ཀྱང་ཁོ་མོས་ང་མཐོང་བའི་མོད་ལ་ཨ་ལན་བྱེད་ཅིང་། ཟས་ཐུན་འགའ་ཤས་ལ་ཟས་རིན་ཡོད་ཚད་མོ་རང་གིས་བཏོན།རེད་ཨང་། སློབ་མའི་གནས་སྐབས་སུ་རང་ཉིད་ཀྱི་འགྲོ་འཆག་ཉལ་འདུག་གི་འཚོ་རྟེན་གཞན་ལ་རེ་བ་ཡིན་ཡང་། དེ་ལྟ་བུའི་གཏོད་ཕོད་བྱས་པ་བརྗེད་མི་རུང་བ་ཞིག་མ་རེད་དམ།

ཐེངས་ཤིག དེ་ནི་ཁོ་མོ་དང་ཁོ་མའི་དགའ་རོགས་གཉིས་སླར་ཡང་འགྲིག་མཐུན་དུ་གྱུར་པའི་དུས་ཤིག་རེད། ཁོ་མོས་གཟའ་མཇུག་ཏུ་དགའ་རོགས་ལ་ཁ་ཡ་དང་སྣང་དོགས་མེད་པར་ང་རང་ཁྲིད་དེ་མཉམ་དུ་འགྲོ་རྒྱུ་བྱས། ཉིན་དེར་ཁོ་མོ་དང་ང་། ད་དུང་ཁོ་མོའི་གྲོགས་མོ་གཅིག་དང་བཅས་པ་ཕོ་བྲང་པོ་ཏཱ་ལའི་རྫོང་རྒྱབ་ཀླུ་ཁང་གི་འཛུལ་སྒོ་རུ་འཛོམས་ཏེ། ཕོ་བྲང་པོ་ཏཱ་ལ་རུ་མཆོད་མཇལ་བྱས། ལམ་བར་དུ་ངས་མ་ཤེས་ཤེས་མདོག་གིས་རྒྱལ་དབང་ལྔ་པའི་སྐོར་ཡང་ཅུང་ཟད་བཤད་པར་ཁོ་མོ་གཉིས་ཀས་འཐད་པའི་ཉམས་ཀྱིས་མགོ་བོ་ལྕོག་ལྕོག་བྱེད། ལམ་བར་གྱི་སྐས་གདང་དག་ཏུ་མཉམ་པར་མང་པོ་བླངས། དེ་ནས་ཟ་ཁང་དུ་འབྱོར་བ་དང་ང་རང་འདུག་ས་བཟུང་དུ་བཅུག། ཁོ་གཉིས་ཀྱི་ཟ་མ་ཉོས། བཏུང་བྱ་འགྱིག་དིབ་ཆེན་པོ་ཞིག་དང་པུ་ཙེ་ཁྱེར་ཏེ་སླེབས་ཤིང་། ཉིན་གུང་གི་ཟ་མ་མཉམ་དུ་བཟས། རྗེས་ལ་ང་ཚོ་སླར་ཡང་གྲོས་འཆམ་བྱུང་ནས་བོད་ལྗོངས་དཔེ་མཛོད་ཁང་དུ་དཔེ་ཆ་ལྟ་བར་སོང་། དཔེ་ཁང་ནས་རྩོམ་ཡིག་ཁག་ཅིག་བལྟས་རྗེས། ང་རང་ཁོ་མོའི་པང་ལ་གཉིད་ལོགས། ཆུ་ཚོད་དྲུག་པ་ཙམ་ལ་གཞི་ནས་སད། ཁོ་མོས་ད་འགྲོ་ཟེར་བར་གཟོད་དྲན་པ་སོས་པ་དང་འདྲ་བར་མགོ་བོ་གུག་ཙམ་བྱས། དེ་དུས་གཉིད་ཡུན་ཐུང་བ་མ་གཏོགས་གཉིད་ཧ་ཅང་སྐྱིད་པ་བྱུང་།

དཔེ་ཁང་ནས་ཐོན་ཏེ་ང་ཚོ་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་ཀླུ་སྦུག་ལ་འབྱོར་བ་དང་། ཁོ་གཉིས་ཕྱིར་སློབ་གྲྭར་ལོག་རྒྱུ་ཡིན་ཟེར་ནས་ང་རང་ར་མོ་ཆེ་ལ་ལོག་པར་གྱེས་བརྡ་གཏོང་རྩིས་བྱེད་སྐབས། ཁོ་བོས་ཉིན་གུང་གི་བཟའ་བཏུང་ཐམས་ཅད་ཁོ་གཉིས་ཀྱི་སྒོར་མོས་བྱས་པ་དྲན་ནས། ཁོ་གཉིས་ལ་གྱོང་མི་རེག་པའི་ཆེད་དུ་གཡས་གཞོགས་ཀྱི་རྡེ་ཁེ་ཧྲི་བྱ་ཤ་བསྲེགས་མ་ཞེས་པའི་སྒོ་བྱང་སེར་པོ་བཀལ་ཡོད་པ་དེར་ཞིམ་པའི་ཟས་ལ་རོལ་ཞིང་མངར་བའི་བཏུང་བ་ལ་ལོངས་སུ་སྤྱད་དེ། འགྲོ་གྲོན་རང་ཉིད་ནས་འགན་འཁུར་དུ་བླངས། ཁྱིམ་ལ་ལོག་རྗེས། ཁ་པར་ནས་སྐད་འཕྲིན་གྱི་སྒོ་ཕྱེ་བ་ན། ཁོ་མོས་ཉིན་དེའི་འགྲུལ་བཞུད་ལམ་དུ་བརྒྱབ་པའི་པར་དགུ་ཙམ་དྲྭ་རྒྱབ་ཏུ་བཞག་ཡོད་པ་མཐོང་བྱུང་། དེའི་འོག་ཏུ་སློབ་མ་པྲ་ཆལ་མང་པོས999བསྐུར་བ་དང་། འགའ་ཤས་ཀྱིས་དགའ་རོགས་མ་ཁྲིད་པའི་རྒྱུ་མཚན་ཡང་འབྲི་བར་བྱེད། ང་ལའང“དུས་ཆད་བྱེད་ཐུབ་སོང་ངམ། གྱོང་པོ་བྱུང”ཟེར། ངས་དེ་མུར་ཁོ་མོར་དགའ་རོགས་གིས་མཐོང་ན་མི་བཟང་བས་དྲྭ་རྒྱབ་ཀྱི་པར་ཡིག་དག་གསུབ་དགོས་པར་སྨྲས་ཀྱང་ཁོ་མོས་མི་སྐྱོན་ཟེར་ནས་དང་ལེན་མ་བྱས། སློབ་གྲྭར་ལོག་རྗེས། དགོང་ཚོགས་གྲོལ་ནས་མལ་ཁང་དུ་འབྱོར་དུས་ངས་ཁོ་མོའི་དགའ་རོགས་མཐོང་བྱུང་། ང་ལ་ལྟ་ཙམ་བྱས་བྱུང་། ངས་ག་བྱེད་འདི་བྱེད་མི་འདུག། ཕར་ལ་ལྟ་ཙམ་བྱས་པར་དེ་མུར་ཁ་ཕྱིར་འཁོར་ནས་ཕྱིན་སོང་། ཕལ་ཆེར་ངས་ཚོད་དཔག་བྱས་པ་བཞིན། ཁོ་མོས་ཁོ་རང་མ་ཁྲིད་ཅིང་། དགོངས་ཞུ་གང་ཡང་མེད་པར་ང་ལ་དུས་ཆད་བཏབ་པས་ཡིན་པ་འདྲ། ལར་ཅི་ལ་ཁག་སྟེ་གནད་དོན་དེ་འདྲ་ང་ལ་ཕྲད་ནའང་ཏན་ཏན་ཁོ་དང་གཅིག་མཚུངས་སུ་མོས་པ་ཡོད་ག་ལ་སྲིད་དེ་མི་སྲིད་དོ།།

གཞན་ཡང་སྐབས་ལ་ལར་ཁོ་མོས་སེམས་ཀྱི་ན་ཟུག་མང་པོ་བཟོད་དུ་མ་གཏུབ་པར་ང་ལ་ཤོད་ཀྱི་ཡོད་ཅིང་། དེ་དག་ལས་ཕལ་ཆེ་བ་དགའ་རོགས་དང་འབྲེལ་བ་ཡོད་པས་ངའི་རྣམ་འགྱུར་ཧ་ཅང་གསལ་ཏེ། དུས་དང་གནས་བབ་དང་མི་འཚམ་པ། སློབ་སྦྱོང་གི་འཚོ་བའི་འགལ་རྐྱེན་ཡིན་པ་སོགས་ལན་དུ་བྱིན་ནས་འབྲེལ་ཐག་གཅོད་དགོས་ཚུལ་བཟློས། གཞན་ད་དུང་གྲོགས་མོའི་ནང་ཁུལ་གྱི་འཁྲུགས་པ་དང་། རྒྱུགས་འབྲས་ལ་བློ་འབབ་མེད་པའི་སྐད་ཆ་མང་པོ་ཞིག་བཤད་བྱུང་བར། ངས་ཀྱང་གང་ལ་གང་འདོད་དེ་ལ་དེ་སྟོན་གྱི་ཚུལ་བྱས། དོན་དུ་ང་གཉིས་བར་ལ་འཁྲུག་རྩོད་ལ་རྒྱུན་ཆད་མེད་པ་ཞིག་ཡོད་དེ། དཔེར་ན། ཁོ་མོས་ཐེངས་ཤིག་ལ་སྐད་འཕྲིན་གྱི་དྲྭ་རྒྱབ་ཏུ་གཞན་གྱིས་ཁུག་དམར་བསྐུར་བའི་པར་ཞིག་བཞག་པ་ལ་ངས་སྒོར་གཅིག་ལས་མེད་ཚོད་ཟེར་བ་སོགས་ཀྱི་མཆན་འཇོག་འདྲ་མིན་བྱས་ཏེ་སྙད་བཙལ་བས་རྩོད་པ་རྒྱུན་གཏན་དུ་ཤོར་བཞིན་ཡོད་ལ། ཕན་ཚུན་ལ་ཐུག་ཐུག་རེག་རེག་ཀྱང་ངན་ལང་དུ་གྱུར་མོད། འཁོན་འཛིན་དང་འཚིག་ཟ་ནི་བྱས་མ་མྱོང་ངོ་།། ཉིན་ཞིག་ཡང་ངེད་གཉིས་རྒྱུ་མཚན་མི་དྲན་པའི་གནད་ཅིག་ཏུ་རྩོད་པ་ཤོར། ཕན་ཚུན་ལ་ཤགས་འགྱེད་གང་མང་བྱས་མཐར་ཁོ་མོས་གཞི་ནས་བདག་ལ་གླགས་མ་རྙེད་པས། རློན་སྨྱུག་གི་སྨྱུག་ཁ་ངའི་ཕྱོགས་སུ་ཤུགས་ཀྱིས་གཏད་དེ་སྣག་ཚ་ཕྱིར་བྱུང་ནས་ཁོ་བོའི་སྟོད་ལྭ་རྦད་དེ་བརྫད་སོང་། ངས་སྔ་སེ་ནས་སྔོན་དཔག་བྱས། བསམ་གཟས་ནས་འཕོས་པ་མིན་པའི་ཐག་བཅད། འོན་ཀྱང་། ཉིན་རྒྱུན་གྱི་གྲོགས་པོ་རྣམས་དང་སློབ་གྲོགས་ཡོངས་ཀྱིས་ང་ལ་ཅེར་ནས་ཧད་འདུག་པས་ཅི་དྲན་མེད་པར་ཁོ་མོའི་གཟའ་ཐོ་ལ་སྦར་འཛིན་ཞིག་བྱས། དེ་ནི་ངས་རང་ཉིད་ཉམ་ངར་གྱུར་བའི་ངང་ཚུལ་ལས་གཡོལ་བ་དང་། ཁོ་མོ་ལ་དགའ་ཞིང་དུང་བའི་གསང་བ་གཞན་གྱིས་ཧ་གོ་རུ་འཇུག་མ་འདོད་ས་ཡིན། དེ་བས། ཁོ་མོས་ཅུང་ཙམ་ཞིག་ནས་ང་ལ་བསམ་གཟས་ནས་མིན་ཚུལ་གྱི་འགྲེལ་བརྗོད་ཡང་བཟླས་བསྐྱར་བཟླས་བྱས་ཤིང་། སྟོད་ལྭ་བཀྲུ་རྒྱུའི་ཁས་ལེན་དང་དམ་འཇོག་མང་པོ་བྱུང་བས་ངའང་རང་གི་བྱ་སྤྱོད་ལ་ངོ་གནོང་དང་འགྱོད་པ་སྐྱེས་བྱུང་བས། གྱོན་གོས་བཀྲུ་མྱོང་མེད་པའི་རང་ཉིད་ལ་ལས་ཚེགས་མི་ཆུང་བ་ཞིག་བསྣན་ཀྱང་ཁོ་མོ་ལས་སུ་མ་བཀོལ།

ད་དུང་སྐབས་ཤིག་ཁོ་བོས་རྩིས་རིག་སྦྱོང་ཚན་བཤུ་འབྲི་བྱེད་དུས། ཁོ་མོས་ཕན་པའི་བརྡ་ལ། གཞན་གྱི་སྦྱོང་ཚན་མ་བཤུ། མ་ཤེས་ན་ངས་བསླབ་ཆོག་ཟེར་བ་དང་། དགའ་རོགས་ལ་ཉིན་རྒྱུན་དུ་ཞོགས་པ་བདེ་ལེགས་དང་གཉིད་སྐྱིད་ཟེར་བ་སོགས་ཀྱི་སྐད་ཆ་ལས་དམིགས་བསལ་གྱི་བརྗོད་གཞི་མེད་ཚུལ་དུ་ང་ལ་པར་འགའ་ཡང་བསྐུར་འོང་། ཉེ་འཁོར་སློབ་མ་ཚོས་དེ་ནི་རྫུན་ཡིན་ཚུལ་བཤད་ཅིང་། བར་གྱི་སྐད་ཆ་ཛ་དྲག་པ་ཚང་མ་བསུབས་ནས་བསྐུར་བ་ཡིན་ཁུལ་སྨྲས་ཀྱང་ངས་ནི་དེ་ལྟར་མིན་པར་འདོད་དོ།།


  • ལེ་ཚན་སྔོན་མ།:རྟོག་པ་སྨྱུག་རྩེར་སྒྲོན་པའི་སྒྱུ་རྩལ་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།