དབྱངས་ལགས།

སད་སྐལ།        2022-11-10

དེ་ནི་སྟོན་ཟླ་ཚེས་པའི་དུས་ཚོད་ཀྱི་སྔ་ཆའི་ཁོངས་སུ་གཏོགས་ཡོད་པའི་དུས་ཚོད་ཅིག་རེད། རྨི་ལམ་ལ་འཛུལ་བའི་འགྲུལ་པ་དེའི་མིང་ལ་དབྱངས་XXXཞེས་འབོད་ཀྱི་ཡོད་འདུག་ཅིང་། དེ་ནི་རང་ཉིད་ཀྱི་ཕ་ཡུལ་གྱི་མི་འམ་སྙིང་ཉེ་བའི་ཕ་མས་འབོད་ཚུལ་ཞིག་ཡིན་འདུག། ཡང་ད་དུང་མིང་གཞན་ཞིག་ཡོད་པ་དེ་ནི་XXXXཟེར་ཞིང་། དགོས་དབང་ཞིག་གིས་སྙད་པར་མི་བྱ་སྟེ་དེ་ནི་རང་ཉིད་ཀྱི་ལག་ཁྱེར་ཐོག་ཏུ་འཁོད་པའི་མིང་གི་རྣམ་གྲངས་གཞན་ཞིག་ཡིན་འདུག

རྨི་ལམ་རྨིས་མཁན་དེའི་མིང་ལ་རྨི་ལམ་བདག་པོ་ཟེར་ཆོག་པར་འདོད། དེས་ན་རྨི་བདག་གིས་རྨིས་པའི་རྨི་ལམ་དེ་ནི་གོ་རིམས་ཡོད་པ་ཞིག་མིན་ནའང་རང་གི་འདུན་པ་ལ་འཁྲེན་པའི་རྣམ་འགྱུར་ཉམས་མཚར་བ་ཅིག་ཡོད་འདུག། ཁོས་རང་གི་རྨི་ལམ་དེའི་མགོ་འཇུག་ལ་མནོ་བསམ་བཏང་མ་མྱོང་པའི་ཚོད་ལ་བསླེབས་ཡོད་པ་མིན་ལ་ཡོད་ཀྱང་མི་སྲིད་པ་ཞིག་ལོས་ཡིན་ཨང་།

རྒྱུ་མཚན་ནི། ཁོས་རྨི་ལམ་ཞིག་ལ་གོམ་རིམས་ཀྱི་ལྷན་པ་རྒྱག་ཐབས་ལ་འབད་ཀྱིན་འདུག་ཅིང་། མི་འདོད་པའི་ཐེད་ཁུང་ཡོད་ཚད་ལ་ཚེམ་བྲུབས་རྒྱག་གིན་ཡོད་པ་རེད། དེ་ལྟར་བྱས་ཚེ་རང་གི་འདོད་པར་འཁྲེན་པའི་རྣམ་འགྱུར་དེ་སྔར་བས་མཛེས་སྡུག་གི་དཔྱིད་དཔལ་གཞན་ཞིག་ཀྱང་མངོན་ཐུབ་ཀྱི་ཡོད་པ་རེད། ཡིན་ནའང་ཁོས་རང་གི་རྨི་ལམ་དེ་ལ་ཁྱད་པར་རམ་མི་མཚུངས་སའི་རྣམ་གྲངས་ག་ཙམ་ཡོད་པ་ཕལ་ཆེར་སེམས་ནང་མེད་པ་འདྲ། ཅིག་བྱས་ན་ཁོས་སྣང་དོགས་མེད་ཁུལ་ཙམ་བྱས་པ་ལས་ནང་སེམས་ལ་གསལ་སྣང་ངེར་ཡོད་ཀྱང་སྲིད། ཡིན་ནང་ཁོའི་འདོད་པ་བཞིན་རྣམ་པ་གཞན་དག་གསང་སྟེ་སྣ་གཅིག་འདིའི་ཚུལ་ནས་མཐོང་ཐོས་དག་གཙིར་ན། བརྡོལ་འོང་རྒྱུ་ཞིག་ཡོད་པ་ནི་རྨི་ལམ་དེའི་ཕྱི་ནང་གི་ཆོས་ཚུལ་དང་མགོ་མཇུག་མཐུན་མིན་གྱི་ལུགས་དག་ཡིན་ནོ། །

རྨི་བདག་གིས་རྨི་ལམ་ནང་གི་མི་དེའི་མིང་ལ་སྐབས་རེར་ཙམ་དབྱངས་ལགས་དང་ཕལ་ཆེར་བར་དབྱངས་ཅེས་སུ་འབོད་ཀྱི་ཡོད། དབྱངས་ནི་དོན་ངོ་མར་ཁོའི་རྨི་ལམ་ནང་གི་མི་སྣ་གཙོ་ཆེ་བ་དེ་འམ་གཅིག་པུ་དེ་ཉིད་རེད། རྨི་ལམ་དེའི་འགོ་ནས་མ་སད་ཀྱི་བར་ལ་དུས་ཚོད་ཏག་ཏག་མཚན་ཕྱེད་ཙམ་ཞིག་ཡོད། ཡིན་ནའང་རྨི་ལམ་དེ་ལས་སད་པའི་རྟིང་གི་ཚུལ་རྣམ་ནི་ཧ་ཅང་བརྗོད་མི་ཤེས་པ་ཞིག་སྟེ་བྱང་གཞུང་གི་སྡོང་ཤིང་སྐམ་པོ་ཞིག་དང་ཤིན་ཏུ་མཚུངས་པའི་ཁེར་རྐྱང་གི་ལོགས་མལ་ཙམ་ལས་མེད་པའི་ཕྱི་སྟོང་ནང་སྟོང་གི་འགྲོ་བ་ཞིག་དེའོ། །

རྨི་ལམ་ནང་དུ་ཁོས་བརྡ་ཕྲིན་སྤྱད་དེ་དབྱངས་ལགས་ངོ་ཤེས་པ་རེད། ཐོག་མའི་འབྲེལ་ཚུགས་ཀྱི་དུས་ཚོད་ནི་གསལ་པོ་ཞིག་མིན་རུང་བར་སྐབས་ཙམ་ཞིག་ལ་སོ་མར་ངོ་ཤེས་པ་ལྟ་བུའི་སྐད་ཆ་བཤད་རྒྱུ་ཡོད་པ་ཞིག་བྱུང་ཡོད། དུས་དེ་ནི་ཏག་ཏག་དབྱངས་ཀྱི་སྐྱེས་སྐར་ལ་ཁེལ་འདུག དེ་ནི་རྒྱུ་མཚན་གཞན་ཅི་ཡང་ཡོད་པ་མ་ཡིན་མོད། ཁོས་ནམ་རྒྱུན་ནས་ཁྱེའུ་འཕྲིན་དུ་རང་འགུལ་གྱིས་ཁྱེའུ་གྲོགས་དག་གི་སྐྱེས་སྐར་བསུ་ཚིག་སྐུར་གྱིན་ཡོད་པས་རེད། ཁོས་འཕྲིན་ལམ་ནས་ནམ་ནམ་ལ་འཕྲིན་གྲོགས་ཚོའི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་ཡི་ཡོད་ཙང་ཉིན་དེར་ཏག་ཏག་དབྱངས་ཀྱི་སྐྱེས་སྐར་ལ་སྨོན་ཚིག་དེ་འཕྲོད་པ་རེད།

སྨོན་ཚིག་ཏུ “祝你生日快乐”ཞེས་སུབ་གོར་ཐོག་ཏུ་ལྕོ་ལེ་བཀུས་ཡོད་པ་ཞིག་གི་སྟེང་དུ་རྒྱ་སེ་དམར་པོ་ཡོད་པ་ཞིག་བསྐུར་ཡོད།

དེ་འཕྲོད་པ་ན“谢谢”ཕྱག་རྒྱའི་པར་ཆུང་ཞིག་དང་མཉམ་དུ་བསྐུར་བྱུང་།

ཏོག་ཙམ་འགོར་རྗེས“你是?”དྲིས་བྱུང་།

“ང་ཁྱོད་ཀྱི་ཁྱེའུ་གྲོགས་ཡིན”ཁོས་བོད་ཡིག་སྤྱད་དེ་ལན་དུ་ལྡོན་པ་ན།

“但我不认识你 也不知道我们怎么联系的”དབྱངས་ཀྱིས་སྙད་བྱུང་།

དེ་ནས་གཉིས་ཀས་ངོ་སྤྲོད་ཡག་པོ་རེ་བྱས་པས་གཉིས་ཀ་མི་རིགས་གཅིག་ཡིན་པར་བརྟེན།

ཁོས“ཁྱོད་ཀྱིས་བོད་ཡིག་སྤྱད་ན་མི་ཆོག་གམ།”

“我不太懂藏文 平时也不怎么用,所以......”དབྱངས་ངོ་ནོན་གྱིན་ཡོད་ན་ཡང་དཱ་རེས་ངོ་ཚ་རྦད་དེ་བསྐུངས་ཏེ་ཁ་གསང་པོས་བཤད.........

དུས་ཚོད་ཀྱི་ཆུ་མོ་བཞུར་སྒྲ་དང་བཅས་མི་སྡོད་པར་མྱུར་མོར་བཞུད་དེ་ཟླ་བ་ཁ་ཤས་ཤིག་ཕྱིར་ལྡོག་ཐབས་མེད་པའི་སྤོས་ཟིན་པའི་གོམ་པ་བཞིན་འདས་སོང་། ཁོའི་བསམ་པར་རྨི་ལམ་དེ་མི་ཚེ་གཅིག་གི་འཚོ་བའི་ཁ་ཕྱོགས་ཤིག་ཏུ་བརློམས་ནས་སྐྱེ་བ་གཅིག་གི་དུས་ཚོད་ཡོད་ཚད་ལ་གློད་གྲོལ་བཏང་སྟེ་རང་གི་འདོད་པར་བརྩོན་ལེན་བྱེད་ཀྱིན་ཡོད། ཡིན་ནའང་ཁོའི་བསམ་བློའི་རྒྱབ་ལྗོངས་ལ་སྐུང་པའི་འདོད་སྨོན་དང་དངོས་དོན་དབར་གྱི་འབྲེལ་ཐག་ནི། རི་ཆུས་མཚོན་པར་མི་ནུས་པར་བཀྱེད་ཡོད་ཅིང་། བློས་བསྐལ་བའི་ཚུལ་རྣམ་དག་ཁོས་སྐབས་འགར་དོན་དག་ཅིག་ལ་ཕྱིར་དྲན་བྱེད་ཀྱིན་པའམ་བུ་མོ་ཞིག་གིས་རང་གི་འདས་ཟིན་གྱི་ལོ་ཟླའི་རུམ་ནས་འདུ་འབྲལ་དུ་སོང་བའི་མི་ཞིག་དྲན་གྱིན་པ་དང་སྒོ་ཀུན་ནས་མཚུངས་འདུག འོན་ཏང་དེ་ནི་གནས་སྐབས་ཀྱི་རྟོག་བརྙན་ཙམ་ལས་བརྟོག་མེད་ཀྱིས་བློ་ལ་སྣང་བ་ཞིག་མ་ཡིན་ནོ། །

དུས་ཚོད་དང་ལོ་ཟླ་ནི་སྔར་བཞིན་ཆུ་མོའི་བཞུར་རྒྱུན་དང་བསྡོངས་ནས་འཛད་ཀྱིན་ཡོད། གལ་ཏེ་ནམ་ཞིག་ལ་ཆུ་མོའི་བཞུར་སྒྲ་བསྐུངས་སོང་བའི་དུས་ལ་ཐོན་ཚེ། དེ་ནི་ཁྱོད་ཀྱི་སྲོག་གི་དབང་པོ་དུས་ཚོད་ཀྱི་ཉི་མས་བསྲེགས་ཏེ་རྒྱུ་ལུས་དང་ཁ་ཕྲལ་སོང་བའི་ལོ་ཟླ་ཞིག་ཡིན་པ་ལས་དུས་ཚོད་ལ་ཕྱིར་ལྡོག་ཐུབ་ཀྱི་ཤེས་རབ་རྙེད་པ་མ་ཡིན་ནོ། །

གང་ལྟར་ཡོད་ཚད་དུས་ཚོད་ཀྱིས་བཟས་སུ་གྱུར་ཅིང་སླར་ཡང་དུས་ཚོད་ཀྱིས་ཡོད་ཚད་ལ་ར་སྤྲོད་བྱེད་ཀྱིན་ཡོད། རྨི་ལམ་གྱི་འཁྲུལ་རྟོག་ལ་འཚོ་བའི་ཚོན་རྩི་བྱུག་པའི་རྣམ་ཐར་དག་དུས་ཚོད་ཀྱིས་དབྱེ་འབྱེད་བྱས་པ་ཞིག་ཡིན། ཡིན་ནའང་དུས་ཚོད་མུ་མཐུད་ནས་ཟླ་བ་གཅིག་ཙམ་འདས་ཟིན་འདུག། ཁོའི་བསམ་བློའི་རྒྱབ་ལྗོངས་ལ་སྐུང་ཡོད་པའི་འདོད་འདུན་དངོས་དོན་ལས་རིང་དུ་གྱེས་ཡོད་པ་སུས་ཀྱང་རྟོགས་སླ་བ་ཞིག་སྟེ། དངོས་དོན་རྫུན་ཚིག་གིས་མི་མགོ་གཡོག་ཅི་ཐུབ་བྱ་རྒྱུ་དེའམ་བསམ་བློའི་རྒྱབ་ལྗོངས་ལ་སྐུང་བའི་རང་གི་འདོད་ཧམ་འཇིགས་སུ་རུང་བ་དེ་འགྲུབ་པའི་སླད་དུའོ། །

ཡིན་ན་ཡང་དུས་ཚོད་ཀྱིས་ཡོད་ཚད་ལ་ར་སྤྲོད་བྱེད་ཀྱི་ཡོད་པས་ཁོའི་འདོད་ཧམ་གྱི་སླད་དུ་དངོས་དོན་ཡོད་ཚད་རྫུན་བཟོ་བྱས་ཡོད་པ་དུས་ཚོད་ཀྱིས་དབྱངས་ལ་རྟོགས་སུ་བཅུག་ཡོད། དེ་ནས་རྨི་དབྱངས་ཟུང་གི་བར་ཐག་ནི་ནང་སེམས་ལ་སྔ་ས་ནས་བསྐལ་བའི་བར་ཐག་བཞིན་ཕྱིའི་བསླུ་རྣམ་སྒྲོབ་ཀྱི་ར་བ་ལས་ཡོངས་སུ་གྲོལ་བ་ཡིན། དེ་ནས་དབྱངས་ལགས་ཁོའི་སྒྲོབ་རྫུས་ལས་འགོངས་ཏེ་ནམ་མཁའ་ལྡིང་གི་བྱ་བཞིན་ཡངས་པའི་གནམ་མཐར་འཕུར་འགོ་ཚུགས་ཡོད། ཡིན་ནའང་ཁོ་ད་དུང......... ..........


  • ལེ་ཚན་སྔོན་མ།:འདུ་ཁང་གི་སྒོ་འགྲམ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།