ཧྲེན་དབྱང་གིས་ཞིང་འབྲོག་དང་ཞིང་སྡེ་སོགས་སྡེ་ཚན་ལ་བརྟག་ཞིབ་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2022-11-09

ཧྲེན་དབྱང་གིས་ཞིང་འབྲོག་དང་ཞིང་སྡེ་སོགས་སྡེ་ཚན་ལ་བརྟག་ཞིབ་གནང་།
འདི་ནི་ཧྲེན་དབྱང་གིས་ཁུལ་ཞིང་ལས་ཚན་རྩལ་ཅུས་སུ་ཚན་རིག་ལག་རྩལ་ཞིབ་འཇུག་འཕེལ་རྒྱས་དང་བེད་སྤྱོད་སོགས་ཀྱི་གནས་ཚུལ་ཆ་རྒྱུས་བླང་བཞིན་པའི་ཚུལ།

སྤྱི་ཟླ11པའི་ཚེས4ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཁུལ་ཞིང་འབྲོག་ཞིང་སྡེ་ཅུས་དང་ཁུལ་ཡུལ་སྡེ་དར་རྒྱས་ཅུས། ཁུལ་ཞིང་ལས་ཚན་རིག་ཁང་། ཁུལ་ཕྱུགས་ལས་ཚན་རིག་ཁང་བཅས་སུ་ཕེབས་ཏེ“ཞིང་གསུམ”ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བར་མ་ཟད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སྒྲོག་འགྲེལ་གནང་བ་རེད། ཁོང་གིས་ཞིང་ལས་དང་ཞིང་སྡེའི་འཐབ་ཕྱོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་“ཞིང་གསུམ”ལས་དོན་སྐོར་གྱི་སྙན་སེང་གི་སྙིང་དོན་གསར་པ་དང་།ཆོད་གཏམ་གསར་པ།བཀོད་སྒྲིག་གསར་པ་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། དོན་འཁྱོལ་ནན་ཏན་བཅས་བྱས་ཤིང་། ཞིང་ལས་དང་ཞིང་སྡེ་སྔོན་དུ་འཕེལ་རྒྱས་གཏང་རྒྱུ་རྒྱུན་འཁྱོངས་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་རྒྱུར་མུ་མཐུད་ནས་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཐུན་མོང་དུ་ཕྱུག་པོར་ཆགས་པར་སྐུལ་འདེད་ཤུགས་ཆེན་གཏང་དགོས་ཞེས་ནན་གསུང་གནང་བ་རེད།

ཧྲེན་དབྱང་སྔ་རྗེས་སུ་ཁུལ་ཕྱུགས་ལས་ཚན་རིག་ཁང་དང་ཁུལ་ཞིང་ལས་ཚན་རིག་ཁང་། ཁུལ་ཡུལ་སྡེ་དར་རྒྱས་ཅུས་སོགས་སུ་ཕེབས་ནས་ཚན་རིག་ཞིབ་འཇུག་ཁང་དང་ཚོད་ལྟའི་ཞིང་ནང་ཁུལ་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་ཚན་རིག་ཞིབ་འཇུག་བཅོས་བསྒྱུར་དང་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་གཞན་སྒྱུར་བཀོལ་སྤྱོད་སོགས་ཀྱི་གནས་ཚུལ་ཆ་རྒྱུས་ཞིབ་ཕྲ་བླངས་ཤིང་ལས་གནས་དང་པོའི་ཞིང་འབྲོག་ལས་ཀྱི་ཚན་རིག་ཞིབ་འཇུག་མི་སྣ་དང་ལས་བྱེད་པ། ལས་བཟོར་འཚམས་འདྲི་གནང་བ་རེད། ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་དང་ཚན་རྩལ་ཞིབ་འཇུག་གསར་སྤེལ་གྱི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་སྟེ། ཚང་མར་དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཚང་མར་ཡང་འབད་བསྐྱར་འབད་དང་འབད་འབུངས་ཡར་བརྩོན་བྱས་ནས་ད་ལོའི“མཇུག་བསྡུའི་དམག་འཐབ”ཡག་པོ་རྒྱག་པ་དང་། ཕྱི་ལོའི“ལས་འགན་གསར་པ”ཇུས་འགོད་བྱེད་པ། ཐོན་ལས་དང་པོ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི“ཞིང་གསུམ”ལས་དོན་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བློ་གྲོས་དང་སྟོབས་ཤུགས་ཀྱི་བྱས་བརྗེ་འཇོག་དགོས་ཞེས་ཐུགས་རེ་གནང་བ་རེད།

ཁུལ་ཡུལ་སྡེ་དར་རྒྱས་ཅུས་སུ་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག། སྡེ་ཁག་སོ་སོས་ལས་དོན་སྙན་སེང་ཞུས་པར་གསན་འཇོག་གནང་རྗེས། ཧྲེན་དབྱང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏང་རྒྱུ་རྒྱུན་འཁྱོངས་བྱ་དགོས་ལུགས་ནན་གསུང་གནང་བ་དང་། ཞིང་ལས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་ཇེ་མགྱོགས་སུ་གཏང་དགོས་ལུགས་གསལ་པོར་བཏོན་ཡོད། 2035ལོར་སླེབས་སྐབས་གཞི་རྩའི་ཆ་ནས་ཞིང་ལས་དེང་རབས་ཅན་མངོན་འགྱུར་ཡོང་བ་དང་འགྲོ་བ་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་རྒྱུ་དང་མི་དམངས་ཡོངས་ཐུན་མོང་དུ་ཕྱུག་པོར་ཆགས་པར་དེ་བས་མངོན་གསལ་དོད་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་བ་བྱ་དགོས་ལུགས་གསལ་པོ་བཏོན་ཡོད། ང་ཚོས་དུས་རབས་གསར་པར་དཀར་མཛེས་ཁུལ་གྱི“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞི་འཛིན་ས་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་མིག་སྔ་དང་ཕྱིན་ཆད་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་ཨང་དང་པོར་བརྩིས་ཏེ། ཇི་མ་ཇི་བཞིན་སློབ་སྦྱོང་དང་ཡིག་འབྲུ་རེ་རེ་བཞིན་སློབ་སྦྱོང་། གོ་དོན་མཐིལ་རྟོགས་བཅས་ཀྱི་སྒོ་ནས་སློབ་སྦྱོང་བྱེད་པ།བསམ་ཕྱོགས་འཐུས་ཚང་དུ་གཏོང་བ། གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། བྱེད་ཐབས་ཞིབ་ཕྲ་བཟོ་བ་བཅས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་འདི“ཞིང་གསུམ་”ཁྱབ་ཁོངས་སུ་ཇི་མ་ཇི་བཞིན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏང་དགོས་ཞེས་གསུངས་པ་རེད།

ཧྲེན་དབྱང་གིས“ཞིང་གསུམ”ཡག་ཕྱོགས་སུ་འགྲོ་རྒྱུ་དང་ཁྱོན་ཡོངས་ནས་མ་སྐུལ་དང་བླངས་བྱ་དགོས། རིམ་པ་ཁག་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ཚད་གཞི་མཐོར་འདེགས་བཏང་ནས་ནུས་ཤུགས་ཡོད་དགུས་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱས་ཤིང་། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གི་འགོ་གཙོ་དང་པོས་གཙོ་འགན་འཁུར་ནས་དངོས་སུ་བཀོད་སྒྲིག་དང་ལྟ་སྐུལ་བྱས་ཏེ་ཡུལ་སྡེ་དར་རྒྱས་གཏོང་བའི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་དཀའ་ངལ་ཡོད་ཚད་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱེད་པ་དང་།“ཞིང་གསུམ”ལས་དོན་གྱི་ལས་བྱེད་པ་དང་ཤེས་ཡོན་མི་སྣའི་དཔུང་སྡེ་འཛུགས་སྐྱོང་ཡག་པོ་བྱ་དགོས། ལས་གཞིའི་མ་དངུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ཞིང་ལས་ཀྱི་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བ་དང་། ཡུལ་སྡེ་སྡོད་རྒྱུར་འཚམ་པ་དང་ལས་རྒྱུར་འཚམ་པ། ཞིང་པ་ཕྱུག་འགྱུར་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཐུན་སྒྲིལ་དང་འབྱོར་ཕྱུག།འཆམ་མཐུན།མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་བྱེད་པར་ཞིང་ལས་དང་ཞིང་སྡེའི་འཐབ་ཕྱོགས་སྟོབས་ཤུགས་ཀྱི་བྱས་རྗེས་འཇོག་དགོས་ཞེས་ནན་གསུང་གནང་བ་རེད།

ཁུལ་གྱི་འགོ་ཁྲིད་ཡོན་མིང་ཀོང་དང་ཡོན་ཀང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བརྟག་ཞིབ་ནང་ཞུགས་པ་རེད།།




  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་གསར་འགོད་པའི་དུས་ཆེན་ལ་འཚམ་འདྲི་འདི་འདྲ་ཞུས།
  • ལེ་ཚན་རྗེས་མ།: རྟའུ་རྫོང་གིས་གཞིས་སྡོད་འཚམ་པའི་འབྱུང་འཕྲོད་གྲོང་ཁྱེར་བཏོད་ནས་མང་ཚོགས་ལ་བདེ་སྐྱིད་ཐོབ་ཚོར་ཇེ་དྲག་ཏུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།