རང་ལ་གདམས་པའི་དོ་ཧ།

བྲན།        2022-11-09

སྒྲིབ་གཡོག་གོས་ཀྱིས་མ་ཁེབས་པ། །

ཡངས་པའི་ནམ་མཁའ་སྔོན་པོ་ལ། །

འཕུར་བའི་ཁྲུང་ཁྲུང་དཀར་པོ་དེ། །

ལན་གཅིག་ཡིད་ཀྱི་ཚལ་ལ་ཐོན། །

བཻཌཱུར་ཞུན་མའི་མཚོ་ཆེན་པོར། །

ཡང་ཡང་རྩེན་པའི་བྱ་ཁྱུ་གང་། །

རྒྱང་ལ་འཕུར་བའི་ལོ་ཟླ་ལགས། །

བདག་ལ་མནར་གཅོད་མ་གཏོང་ཀྱེ། །

རང་སྤྱིལ་བརྩེ་བའི་ཁང་བཟང་ལས། །

རང་གི་བློ་གྲོས་སོར་མོའི་འདབ། །

རང་དགར་འཁྱུག་པའི་གར་ཆུང་འདི། །

རང་རྟོན་ཡོད་པས་མ་ཡིན་ལགས། །

རྒྱན་མཁན་འབྱུང་གནས་བློ་གྲོས་ཀྱིས། །

རྣམ་འགྲེལ་དབུ་མའི་ལུགས་སུ་གསུངས། །

དེ་ལ་ཀླན་ཀ་སྣ་ཚོགས་ཀྱིས། །

དགག་སྒྲུབ་ཆར་གྱིས་ས་ཆེན་བརླན། །

ཚུལ་འདིར་རྨོངས་པའི་བདག་བློ་ནི། །

རྟུལ་པོའི་སོག་ལེའི་ཁར་མཚུངས་པས། །

མི་ནུས་ཚིག་གི་སྤུ་རིས་འབུམ། །

འབྱེད་པའི་མིག་ལ་སྐར་འོད་ཤར། །

ཨེ་མ་གང་དག་སྐྱེ་བའི་རྒྱུན། །

མ་ཆད་རེས་སུ་འཁོར་བ་ལས། །

ཡིད་ཀྱི་ཚད་མས་རྣམ་སྦྱང་བ། །

སྒྲིབ་པ་ཆུ་འཛིན་སྟུག་པོས་གཡོག །

འཁོར་རྒྱུའི་རྩ་བ་བདེན་འཛིན་གྱི། །

འཁྲུལ་བ་མ་རིག་རྨོངས་པའི་སོ། །

རྣོ་བས་ཤ་གཟུག་འབུམ་གྱི་རོ། །

འཆོས་པའི་ལས་ཀྱིས་ཉེས་སམ་ཅི། །



  • ལེ་ཚན་སྔོན་མ།:སྲིད་པའི་མིག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།