འདུ་ཁང་གི་སྒོ་འགྲམ།

ཁམས་སྨྱོན་ཧེ་རུ་ཀ        2022-11-09

ཅི་ཞིག་ལ་བསམ་བློ་གཏོང་བཞིན། ང་རང་འདུ་ཁང་གི་སྒོ་འགྲམ་དུ་སྐྱིལ་ཀྲུང་དུ་བསྡད་ཡོད། འདུག་སྟངས་ཤིག་གིས་ངས་རྒྱུན་དུ་གཞན་ལ་བཀུར་བསྟིར་བྱས། སེམས་པ་འཚབ་པའི་སྒྲ་དབྱངས་ཤིག་ཀྱང་ངང་གིས་སླེབས་བྱུང་། གནའ་བོའི་ཤེས་རིག་དང་ལ་རྒྱ་འཁུར་བའི་བཙུན་པ་ཚོས་འཚང་ཁ་ཤིག་ཤིག་ངང་འདུ་ཁང་དུ་འཛུལ་དུས། ངས་གཞི་ནས་ཁོང་ཅག་ཨ་མེས་ཀྱི་ཚེ་སྲོག་གི་བྲིས་པའི་དེབ་ཐེར་འཚོལ་བཞིན་པའང་རྟོགས། འོན་ཀྱང་། རེ་འགས་ད་རུང་ཅི་ཞིག་བསམ་བློ་གཏོང་བཞིན་ཡོད་དམ། ཞེན་ཆགས་ཀྱིས་གཡབ་མོ་འཁུར་ནས་འདུ་ཁང་གི་དངོས་པོ་རྩག་རྩིག་ལ་འཐམས་ནས་ངུས།

འདུ་ཁང་གི་ཁྱོད་ལ་སྐད་ཆ་གཞན་ཅི་ཡང་ཁྱེར་འོང་མི་སྲིད། དེ་བས་སུས་ཀྱང་རྙེད་མི་སྲིད་པའི་སྒོ་འགྲམ་འདི་ནས་ངས་ཅི་ཞིག་རྙེད་སྲིད།རྟག་བརྟན་ཡལ་མེད་ཀྱི་སྒོ་འགྲམ་འདི་ནས་ཅི་ཞིག་བཙལ་ཆོག། སྒོ་ཐེམ་རེ་རེ་དེ་འདྲའི་ལྐོག་གྱུར་དང་རྒྱང་ཐག་རིང་དོན་གང་། དུས་ཀྱི་དཀྱོགས་མཚམས་སུ་སྒོ་འགྲམ་འདི་ནས་འདུ་ཁང་གི་བྲང་ཁོག་གཤག་པར་རྩོམ་མཁན་ཡང་བྱུང་འདུག། དེ་བས། དུས་ཚོད་ཀྱི་སྒོ་ཐེམ་རེ་རེ་ཅིག་ཅར་སྦྲེལ་དུས། མང་པོ་ཞིག་སྨྲ་བ་ཇེ་ཉུང་དུ་ཕྱིན་པའང་རྟོགས་བྱུང་། འོན་ཀྱང་། འདུ་ཁང་ནང་དུ་རྐང་པ་སྟོང་ཕྲག་དང་སེམས་པ་ཁྲི་ཕྲག་གི་འབོད་སྒྲ་ཡོད་པ་དེ་སྒོ་ཐེམ་རེ་རེ་འདི་ནས་མཆེད་པ་ལོས་ཡིན། ཁོ་ཚོས་ནམ་ཡང་སྒོ་འགྲམ་འདི་ལ་དོན་སྣང་ཙམ་ཡང་མེད་ལ། སྒོ་ཐེམ་ཡང་སྣང་མེད་དུ་བྱ་དོན། ཚུལ་འཆོས་ཀྱི་གདོང་འབག་སྔར་བཞིན་མཐུག་པས་ཡིན་ནམ།

དེ་རིང་ཞོགས་པར་བཙུན་པ་ཞིག་གིས་རྨི་ལམ་དང་སྟོང་བསམ་ཤ་སྟག་བྱས་ཏེ་ཐག་རིང་གི་ལམ་སྣེ་འདུ་ཁང་དུ་འཐེན། དེ་རིང་ཞོགས་པར་ལམ་བུད་པའི་བཙུན་པ་དེ། ཡང་སྙིང་གང་དུ་ཆས་འགྲོ་བ་བདག་གིས་འགྲེལ་ཐབས་དཀའ། འོན་ཀྱང་སྒོ་ཐེམ་འདི་ཉིད་བརྒལ་ཏེ་ཕྱིར་ལོག་མེད་པཁོ་ཐག་རེད། ས་སྲོད་ཀྱི་སྨག་ནག་གིས་སང་ཉིན་གྱི་ཞོགས་པ་སྐྱེལ་སྲིད་ཀྱང་། རྟག་བརྟན་གྱི་སྤོབས་པ་དང་ཡུན་རིང་གི་འགྲུལ་སྐྱོད་ལ་ཀུན་སློང་བྱ་ཐབས་བྲལ། དེ་བས། སྒོ་འགྲམ་འདིར་ཡུན་རིང་ལྟོགས་སྐོམ་གྱི་མནར་བའི་བདག་ཀྱང་ཕུགས་བསམ་གྱི་རྒྱལ་ཁབ་ཅིག་གི་སྒོ་གླེགས་འདི་བརྡུངས་ན་འདོད། དབེན་སིམ་སིམ་གྱི་སྒོ་ཐེམ་རེ་རེ་བརྒལ་ཏེ་རྒྱ་ཕིབས་འོག་གི་གཡེར་དྲིལ་དེ་སུ་ཡིན་བལྟ་ན་འདོད།

མ་གཞི་ནས་སྒོ་འགྲམ་འདི་ནས་ཆེས་མཐོང་མང་ཤོས་ནི་སུ་ཞིག་གི་སེམས་ཁོང་ན་ནམ་ཡང་ཞི་མི་ཐུབ་པའི་ཤ་འཁོན་ཞིག་ཁྱེར་ཏེ་སྒོ་ཐེམ་རེ་རེ་བརྒལ་མཁན་རེད། འོན་ཀྱང་། ང་ཚོ་ནི་དམར་དྲི་བྲོ་བའི་མཉམ་གླུ་ལེན་མཁན་ཡིན་པ་ཚོར་མཁན་ཤིན་ཏུ་ཉུང་། ལྟོགས་སྐོམ་དང་མུ་གེ།བླུན་རྨོངས་སོགས་ཀྱི་ལམ་ལུགས་བསྐྱུར་ཟིན་པའི་དུས་རབས་འདིར། ལྗང་མདོག་གི་སྒོ་འགྲམ་དེ་ཅི་འདྲའི་རྒྱང་ཐག་རིང་བ་ཨང་། རྔུལ་ཆུ་ཤམ་ཤམ་གྱི་བསམ་བློ་ཁུར་ནས་སྒོ་འགྲམ་འདིར་ཕེབས་སྐྱོད་མཁན་ཤིན་ཏུ་མང་རུང་། བརྒལ་བར་དཀའ་བའི་སྒོ་ཐེམ་རེ་རེ་བརྒལ་མཁན་ཤིན་ཏུ་དཀོན། དེ་བས་ལྗང་མདོག་གི་སྒོ་འགྲམ་འདིར་ཕེབས་སྐྱོད་ཙམ་ལས་ཕྱིར་ལོག་མཁན་ཧ་ཅང་མང་དོན་ཡང་དེ་བས་ཡིན། ཡུན་རིང་སྒོ་འགྲམ་འདིར་ལུས་པའི་ངའི་ལུས་སེམས་ངལ་དུབ་ཀྱིས་མནར་རུང་། ལོ་ངོ་སྟོང་ཕྲག་མང་པོའི་ཀྱོག་མཚམས་ཤིག་ནས་སྒོ་འགྲམ་གྱི་སྒོ་ཁྱམས་རིང་མོ་འདི་ནས་སྒོ་ཐེམ་རེ་རེ་བརྒལ་བའི་སྔོན་འགྲོ་བསྒྲུབ་དགོས། དེ་ནི། ཁྱོད་དང་ངའི་འོས་འགན་ཞིག །ཁྱོད་དང་ངའི་གདོང་འབག་བཤུ་སྟངས་ཤིག་ཨང་།

ཡུན་རིང་ཞིག་ལ་འཛུམ་མདངས་ཁོ་ནའི་ཆེད་དུ་སྒོ་འགྲམ་འདི་སྲུང་མཁན་འབའ་ཞིག་ལས་ཉིན་མཚན་དུས་དྲུག་ཏུ་སྒོ་འགྲམ་འདི་སྲུང་མཁན་ཧ་ཅང་ཉུང་། དེའི་ཕྱིར་རེ་སྒུག་ཇི་འདྲའི་མང་པོ་ཞིག་སྒོ་ཐེམ་གྱི་གྲངས་རེ་རེ་དང་མཉམ་དུ་བརྩིས་མྱོང་མཁན་ནི་ཁྱོད་ཉིད་ཙམ་ལས་མ་འདས། སྒོ་ཐེམ་རེ་རེ་ནི་མ་གཞི་ནས་རྒྱ་ཡན་དུ་འཕྱོ་བའི་རླུང་བ་ཞིག་ཏུ་འདོད་མཁན་ཡོད་ལ། གློ་བུར་ཏུ་ཤུལ་མེད་རྗེས་མེད་དུ་བཏང་མཁན་ཡང་ཡོད། འདི་ནི་སྒོ་ཐེམ་རེ་རེ་བརྒལ་དཀའ་བས་ཡིན་ལ། སྒོ་འགྲམ་འདིར་ཡུན་རིང་ལྟོགས་སྐོམ་མྱོང་བའི་ཁྱོད་ཀྱི་གོམ་སྒྲ་ལྕི་བས་ཀྱང་ཡིན་སྲིད། འོན་ཀྱང་། གཡོ་བ་མེད་ཅིང་འཆོར་བ་མེད་མཁན་དག་ཐད་ཀར་སྒོ་ཐེམ་རེ་རེ་བརྒལ་ཏེ་ཡུན་རིང་ཞིག་གི་རེ་བ་འགྲུབ་པའི་སྣང་བ་སྐྱེ་འོང་། ཀྱག་ཀྱོག་ཆེ་བའི་སྒོ་འགྲམ་འདི། བརྒལ་བའི་དཀའ་བའི་སྒོ་ཐེམ་འདི། ད་ལྟ་སུ་ཞིག་གི་ཆེད་དུ་རང་ཉིད་ཀྱི་རིན་ཐང་ཡོད་ཚད་རྨེག་མེད་དུ་གཏོང་འདོད་མཁན་མེད་ཀྱང་། ཁ་བདེ་ལྕེ་བདེ་ཙམ་གྱིས་བསམ་བློ་དང་ཤེས་རིག་འཛོམས་པའི་ཚད་དུ་འཇོག་དཀའ། དཔའ་སྤོབས་དང་སྡིག་མོ་ཙམ་གྱིས་ཡོད་ཚད་དབང་དུ་འགུགས་དཀའ། དེ་བས། སྐབས་དེར། འཁྱར་འཁྱོར་མེད་པར་བགྲོད་ལམ་དེ་སུ་ཞིག་བརྒལ་ཐུབ་ན་དེ་ལ་གཟོད་རྒྱལ་ཁའི་དཔའ་འབར་ཐོབ་སྲིད་ཨང་།



  • ལེ་ཚན་སྔོན་མ།:མ་འོངས་པའི་མཚན་མོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།