ཟླ་བ་ལྷ་མོ།

ཧྲེང་བུ།        2022-09-26

ཟླ་བ་ལྷ་མོ་ཟེར་ན། ཁྱོད་ཀྱི་བློ་ངོར་གློག་བརྙན་དང་ལྷ་སྒྲུང་དག་གི་ཁྲོད་དུ། ཟླ་བའི་གོ་ལར་འཆའ་བའི་ལྷ་མོ་ཞིག་ཡོད་པ་དེ་ཡང་འཆར་ཡོང་གི་རེད། ཡང་ན། ཁྱོད་ཀྱིས“ཟླ་བ་ལྷ་མོ”ཞེས་པའི་གླུ་ཚིག་དེ་རབ་རིབ་ཅིག་དྲན་པའམ། ན་ཚོད་ཡོངས་སུ་སྨིན་པའི་གཞོན་ནུ་མ་ཞིག་དྲན་ཡང་སྲིད། འོན་ཏེ། ངས་སེམས་སུ་འཁོར་ཡོང་བ་ནི་དེ་དག་གང་ཡང་མ་ཡིན་པར། ལོ་ལྔ་ལ་སོན་པའི་མིའི་རིགས་ཀྱི་བུ་མོ་ཆུང་ཆུང་ཞིག་རེད།

མོ་ནི་ང་ཡི་གཅུང་མོ་སྟེ། རང་གི་གཅུང་མོ་ཚོའི་ཁྲོད་ནས་ཆེས་ཆུང་ཤོས་ཀྱང་ལགས། སྤྱིར་ཨ་མདོ་བའི་མིང་འདོགས་སྟངས་དེར་ང་རང་དེ་འདྲ་དགའ་པོ་མེད་ཀྱང་། ཟླ་བ་ལྷ་མོའི་མིང་འདི་ལ་ང་རང་ཞེ་དྲག་སྙིང་ཉེ་བ་ཞིག་བྱུང་། དེ་ནི་ང་རང་ཟླ་བ་ལ་དགའ་བས་ཡིན་སྲིད་པ་འདྲ་སྟེ། ང་རང་ཟླ་བ་ལ་དགའ་དོན་ནི་ང་རང་ཁེར་རྐྱང་ལ་དགའ་བས་རང་ཡིན་པ་འདྲའོ།།

ཟླ་བ་ལྷ་མོ་ད་ལོར་ལོ་ན་ལྔ་ལ་སོན་ཙམ་ཡིན། ད་ལྟ་ཁྱིམ་སྒོའི་ཕྱི་རོལ་ལ་རྐང་པ་བརྒྱབ་ནས་འབྲོ་ཐུབ་ཀྱིན་ཡོད། ཡིན་ནའང་། སྒོ་ཕྱིར་སོང་ན“རྒད་པོ”ཞེས་པའི་བྱིས་པ་འཁྱེར་(རྐུ)མཁན་ཞིག་ཡོད་ཚུལ་བཤད་ན་འགྲོ་ཕོད་ཀྱིན་མེད། ངས་ཟླ་བ་ལྷ་མོར“རྒད་པོ”ཞེས་ཏེ་སྐྲག་སློང་དུས། ཆུང་དུས་རང་ཉིད་ལ་ཡང་ཕ་མ་ཚོས་ཆུ་ངོགས་ལ་རྒྱུགས་ན“ཆུ་འདྲེ་རྒད་པོ”ཞེས་པ་ཞིག་ཡོད་ཚུལ་ལབ་ནས་སྐྲག་བསླངས་པ་དྲན་བཞིན་ཡོད།

ད་ལྟ་ངས“ཆུ་འདྲེ་རྒད་པོ”ཞེས་པ་ཞིག་གཞི་མ་གྲུབ་པ་རྟོགས་སོང་བ་བཞིན། ནམ་ཞིག། ཟླ་བ་ལྷ་མོས་ཀྱང་སེམས་ངོར་རྟོག་བཟོ་བྱས་པའི“རྒད་པོ”དེ་འདྲ་ཞིག་མི་སྲིད་པ་ཤེས་ཡོང་། དེ་དུས། མོས་ཀྱང་བྱིས་པ་ཆུང་ཆུང་ཞིག་ལ“རྒད་པོ”ཞེས་ཏེ་སྐྲག་སློང་བཞིན་ཡོད་སྲིད་དམ།

ཟླ་བ་ལྷ་མོ་ནི་ཤ་ཚ་མོ་ཞིག་ཡོད། མིག་ཟུང་ཁྲ་སྒོར་སྒོར་ཞིག་ཀྱང་ཡོད། དྲང་མོར་བཤད་ན། དང་པོ་མོ་རང་བཙས་དུས། གདོང་གི་མིག་ཟུང་ཕྲ་མོ་སེན་རྗེས་ལྟ་བུ་དེས་ང་ནི་བྲོད་པར་ཡང་གྱུར།བྱས་ན། ཁྱིམ་ཁ་མིང་སྲིང་ཚོའི་ནང་དུ་ང་བས་ཀྱང་མིག་ཆུང་ཆུང་ཅན་ཞིག་བསླེབས་སོང་སྙམ་ནས་བསྡད་པ་ལ། མོ་རང་ནར་སོན་པ་དང་བསྟུན་ཁ་འབྲས་མཚར་པོ་བྱུང་། མིག་ཟུང་ཁྲ་སྒོར་སྒོར་ཞིག་ཀྱང་བྱུང་བས། ང་རང་ཡོང་ཡེ་ཕམ་པར་གྱུར། ང་ཚོའི་ནང་དུ་སྔར་བཞིན་མིག་ཆུང་ཆུང་ཅན་ང་རང་གཅིག་པུ་ཆགས་སོང་།

ད་ལོའི་དབྱར་ཁར་ང་རང་ཕ་ཡུལ་དུ་ལོག་དུས། ཟླ་བ་ལྷ་མོ་ཆེན་པོར་ཆགས་འདུག། སྐད་ཆའང་ཧ་མི་གོ་བ་ཞིག་ལབ་ཤེས་ཀྱིན་འདུག། མོས་ངའི་མིང་གི་བསྟན་འཛིན་ལ“སྟ་ནེ”ལྟ་བུ་ཞིག་ཏུ་འབོད་ཀྱིན་འདུག། མོ་ཐོག་མར་ངའི་གམ་ལ་བཅར་མི་ཕོད་པར་ངོ་ལྟོག་འདྲ་བྱེད་མོད། ཡུན་ཙམ་ནས་ངའི་པང་ལ་འཚངས་ཡོང་སྟེ། ངའི་ལག་གི་ཁ་པར་འཕྲོག་རྩིས་བྱེད། ད་ནི་མོས་ཁ་པར་ཡང་འེབ་ཙམ་སྣོག་ཤེས་ཀྱིན་འདུག། མ་མཐར་ཡང་ཨ་ཕྱི་དང་སྡུར་ན་རབ་དང་རྒྱན་རེད།

ང་ནི་གཤིས་ཀྱིས་ངོ་ནག་རོག་གེར་སྡོད་པས། ཉེ་འབྲེལ་རྩ་ལག་གི་བུས་པ་ཆུང་ཆུང་ཚོ་ང་ལ་དགའ་པོ་མེད་ཅིང་། ང་ལ་སྐྲག་གི་ཡོད་སྐད་ཀྱང་ཐོས། འོན་ཏེ། ཟླ་བ་ལྷ་མོ་ནི་དེ་ལས་ལྡོག་སྟེ་ང་ལ་ཡེ་ནས་སྐྲག་གི་མི་འདུག། མོ་རང“རྒད་པོ”མ་གཏོགས་སུ་ལ་ཡང་སྐྲག་གི་མེད་པས། ང་ལ་བྱ་ཐབས་བྲལ་སོང་།

ཟླ་བ་ལྷ་མོར་དམིགས་བསལ་གཤིས་ཀ་མཚར་པོ་ཞིག་ཡོད་པ་ནི། ནུ་བོའི་གཟན་དཀྲིས་ཤིང་། ཕྲེང་བ་འདྲེན། ཁ་དོན་ལྟ་བུ་ཞིག་མུར་མུར་འདོན་ཁུལ་གྱིས་བླ་རྒན་ཞིག་གི་ཟོལ་ཡང་སྟོན། ལན་རེར་ཐལ་མོ་གཙུག་ལ་སྦྱར་ནས་ཕྱག་བུད་བུད་འཚལ་རྒྱུ་རེད།

ཟླ་བ་ལྷ་མོ་དེ་ལྟར་ཉི་མ་རེ་རེ་བཞིན་ནར་སོན་གྱིན་ཡོད། མོས་ཉི་མ་རེ་རེར་འཇིག་རྟེན་གྱི་ངོ་མཚར་བའི་གསང་བ་རེ་རེ་ཤེས་རྟོགས་བྱུང་གི་ཡོད། ད་ལོའམ་སང་ལོར། ང་རང་ཕྱིར་ཕ་ཡུལ་དུ་ལོག་ན། ཟླ་བ་ལྷ་མོ་སྔོན་ལས་ཀྱང་ལྡབ་ཀྱིས་ཆེན་པོར་ཆགས་ཡོད་ངེས་ལ། མོས་སྐད་ཆའང་གྲ་དག་ཅིག་བཤད་ཤེས་རྒྱུ་རེད། ངའི་མིང་ནས་ཀྱང་ཇི་བཞིན་འབོད་ཐུབ་རྒྱུ་རེད། “རྒད་པོ”ཞེས་པའི་བྱིས་པ་འཁྱེར་མཁན་དེ་འདྲ་ཞིག་མི་སྲིད་པའང་ཧ་གོ་ཡོད་ན་ཅི་ཆ། འོན་ཏེ། ངས་ནི་ཟླ་བ་ལྷ་མོ་ནམ་ཡང་ནར་མ་སོན་ན་བསམས་བྱུང་། རང་གིས་ཆེས་བློས་མི་ཐོངས་པ་ནི་བྱིས་པ་ཞིག་གི་ནར་སོན་པའི་གོ་རིམ་རེད།

ཉིན་འགའི་སྔོན། གཅུང་མོ་ཟླ་བ་ལྷ་མོས་ཨ་ཅེ་དབང་གི་སྐད་འཕྲིན་དུ། ངག་ད་མ་དིག་གིས་ང་ལ་མཚམས་འདྲི་ཞིག་ཞུས་འདུག་མོད། ངས་ཕྱིར་ལན་ཅི་ཡང་འཇལ་མ་ཐུབ་པར་བསྐྱུར་ཡོད། དོ་ནུབ། ཟླ་བ་ཤར་རིའི་རྩེ་ནས་འཕགས་དུས། ངས་ཟླ་བ་ལྷ་མོ་ཞེས་པའི་གཅུང་མོ་ཆུང་ཆུང་དེ་ཝ་ལེར་དྲན་བྱུང་། ཉེ་སྔོན་ང་ལ་ཞུས་པའི་མཚམས་འདྲི་དེར་བསྐྱར་དུ་གསན་པ་ཡིན།


  • ལེ་ཚན་སྔོན་མ།:ནམ་མཁའི་རྨ་སྟོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།