ནམ་མཁའི་རྨ་སྟོད།

པདྨ་ལྷ་མཛེས།        2022-09-23

དེ་ཡང་ཇི་སྐད་དུ། གནམ་གྱི་ནི་དབུས། ས་ཡི་ནི་དཀྱིལ། གླིང་གི་ནི་སྙིང་པོ། གངས་ཀྱི་ནི་ར་བ། ཆུ་བོ་ཀུན་གྱི་ནི་མགོ་ཁུངས། རི་མཐོ་ས་གཙང་གི་ཡུལ་བཟང་ཞེས་བསྟན་པ་ལྟར། གངས་ཅན་ཁ་བའི་ལྗོངས་ཀྱི་རྨ་སྟོད་ལའང་གངས་དཀར་པོ་ཤེལ་གྱི་མཆོད་རྟེན། ཆུ་དྭངས་གསལ་གཡུ་ཡི་མེ་ལོང་། ཐང་ཡངས་པོ་མུ་མཐའ་བྲལ་བ་སོགས་རང་བྱུང་ལྷུན་གྱིས་གྲུབ་པའི་གནས་མཆོག་དག་གིས་ཕྱོགས་ཀུན་བརྒྱན་ནས་ཡོད་ལ། གནས་འདི་རུ་འཚོས་པའི་འབྲོག་པ་མང་ཚོགས་རྣམས་ཀྱི་ནང་བསམ་པའི་དཔལ་ཡོན་དང་། ཕྱི་དངོས་པོའི་དཔལ་ཡོན་དག་ནི་ལོ་རྒྱུས་ཀྱི་འབབ་རྒྱུན་ཁྲོད་དུ་མཚར་ཞིག་སྡུག།

ཡིན་ནའང་། དུས་འདིར་རྨ་སྟོད་ཀྱི་ཤུལ་བཞག་རིག་གནས་གླེང་མཁན་ག་ཚོད་ཡོད། རྨ་སྟོད། གླིང་རྗེ་གེ་སར་ནོར་བུ་དགྲ་འདུལ་ཉིད་ཀྱི་འཚོ་གཞེས་དང་ནར་སོན་གྱི་གནས་སུ་གྲགས་ཤིང་། ཁྲ་མོ་གླིང་གི་རྟ་རྒྱུག་དང་གེ་སར་ནོར་བུ་དགྲ་འདུལ་གསེར་ཁྲི་ཁམས་གསུམ་ཟིལ་གནོན་དུ་མངའ་གསོལ་བའི་གནས་ཆེན། ཇི་སྲིད་བསྐལ་པའི་བར་དུ་ལོ་རྒྱུས་ཀྱི་ཤུལ་བཞག་ངོས་སུ་མངོན་པར་གསལ།

དེ་ཡང་། རྨ་སྟོད་ནི་རྨ་ཆུའི་འབྱུང་ཁུངས་ཡིན་པས་རྨ་སྟོད་ཅེས་ཐོགས་ཤིང། སྤྱི་ལོའི་སྔོན་གྱི་དུས་རབས་བཞི་པའི་སྐབས་སུ། ཀན་སུའུ་དང་མཚོ་སྔོན་ས་ཁུལ་གྱི་ཆང་མི་འབའ་ཞིག་གནས་སྤོ་སྟེ། གྲུ་གུ་དང་ཐུ་བྷོད་སོགས་དང་མཉམ་འདྲེས་བྱས་རྗེས། ད་ལྟའི་འབྲོག་པ་མང་ཚོགས་ཆགས་པ་རེད་ཟེར། དུས་དེ་ནས་བཟུང་། འབྲོག་པས་སྦྲ་ནག་ཕུབ་སྟེ་རྩྭ་ཐང་སྲུང་། ནོར་ལུག་འཚོས་སྟེ་སྲོལ་རྒྱུན་སྤེལ། ཀ་ཁ་བསླབས་སྟེ་རིགས་རྒྱུད་སྐྱོང་། ངལ་རྩོལ་བརྒྱུད་དེ་ལོ་རྒྱུས་བསྐྲུན་ནས་ད་བར་སླེབས་སྐད་འདུག།

གནས་འདི་རུ་ཆོས་རྗེ་སྲོང་བཙན་སྒོམ་པོས་རྒྱ་བཟའ་བསུ་མ་བྱེད་སའི་གྲམ་ཐང་ཡོད་ལ། གླིང་རྗེ་གེ་སར་རྒྱལ་པོས་ཨ་ཅེ་སེང་ལྕམ་འབྲུག་མོ་བཙུན་མོར་བླངས་པའི་གཏམ་རྒྱུད་ཡོད་པ་དེ་ཉིད་དམངས་ཁྲོད་དུ་མཛེས་ལ། ཡུལ་སྡེའི་རྒྱན་ཆ་རུ་གྱུར་ཡོད། ད་རུང་། མཚོ་སྐྱ་སྔོ་གྲོ་གསུམ་ཞེས་མཚོ་སྐྱ་རེངས། སྔོ་རེངས། གྲོ་རེངས་ཡོད་པར་མ་ཟད། སྟོང་རི་ལྷ་མཚོ། བེ་རུ་དུག་མཚོ་སོགས་ཆུའི་ལྷ་མོ། མཚོ་ཡི་ལྷ་མོ་གྲངས་འདས་མཆིས་པས་མཚེའུ་སྟོང་གི་ཕ་ས་ཞེས་སྙན་གྲགས་ཀྱི་བ་དན་ཆོལ་གསུམ་ལ་ཁྱབ་ཡོད། མཚེའུ་ངོགས་སུ་ལངས་དུས་ནམ་མཁའ་ལས་རྒྱང་རིང་ཞིང་། ས་གཞི་ལས་གཏིང་ཟབ་པའི་ནང་སེམས་ཀྱི་འཇིག་རྟེན་མཐོང་ཐུབ་ལ། གནས་འདི་རུ་འཚོས་པའི་འབྲོག་པ་མང་ཚོགས་རྣམས་ཀྱི་དགའ་བའི་འཛུམ་མདངས་དང་། སྐྱིད་པའི་སྣང་བ་ལས་བབས་པའི་འབྲོག་གླུ་སྙན་མོ་ཞིག་ཀྱང་སྙིང་གི་ཟབ་སར་ལྷུང་ཐུབ།

འབྲོག་གླུ་སྙན་མོ་ལས་འབྲོག་གི་ཐང་སྟོང་ནས་རོང་གི་ལུང་པ། རི་ཡི་རྩེ། གངས་ཀྱི་འདབས། སྤང་གི་ཐང་ལ་མགོ་ནག་བོད་མི་ཟེར་བ་ཞིག་ཇི་ལྟར་ཆགས་པ་སེམས་ཀྱི་མེ་ལོང་དུ་ཤར་ཡོང་ལ། ཕ་བློ་ཁོག་ཅན་ཞིག་གི་བདེ་མོ་རྩལ་དང་། མ་ཤེས་རྒྱ་ཅན་ཞིག་གི་ལག་གཉིས་སོར་མོས་བརྒྱུས་པའི་དཔལ་འབྱོར་དང་འཛུགས་སྐྲུན། དུས་ཀྱི་འཕེལ་འགྱུར་མཐོང་ཐུབ་ཅིང་། གཞུང་དྲང་བའི་མི་རིགས་ཤིག་གི་ཞི་གནས་དང་ལྷག་མཐོང་གི་ཤེས་རབ། ཚེ་སྲོག་གི་ལྟ་བ་དང་སྲུང་སྐྱོབ་ཀྱི་འདུ་ཤེས་སོགས་ཉེ་ནས་ཚོར་ཐུབ།

དེ་ལྟར་ནའང་། མི་མང་པོའི་སེམས་སུ་རྨ་སྟོད་གི་མཚོན་བྱེད་ནི་གྲང་རེག། རྗེས་ལུས། ཡུལ་མཐའ་འཁོབ། མཐོ་སྒང་གི་ཡང་རྩེ་སོགས་སུ་སྣང་གིན་ཡོད་པ་དེ་ནི་རྨ་སྟོད་ཀྱི་རི་ཆུ་ལུང་གསུམ་དང་ཉེ་རུ་མ་གཅར་བས་ཡིན་པར་སྙམ། གནས་འདིའི་སྤང་ལ་མེ་ཏོག་བཞད་ཅིང་དྲི་ཞིམ་འཐུལ། ཆུ་ལ་ཉ་མོ་འཁོར་ཞིང་དྭངས་བསིལ་ལྡན། འབའ་འབའ་མཆོང་ལྡིང་བྱེད་ཅིང་གར་ལ་རྩེན། རྫི་བོ་སྣང་བ་སྐྱིད་ཅིང་མཛའ་གཞས་ལེན་པའི་རྣམ་པ་དེ་ཚོ་ཁྱེད་ཀྱིས་མཐོང་མྱོང་ངམ། ཡུལ་འདི་ནི་གྲོང་ཁྱེར་གྱི་དྲི་མ་མ་གོས་པའི་དྲི་ཟའི་འཇིག་རྟེན་ཞིག་ཡིན་པས། འདི་ལས་སྣོད་བཅུད་སྲུང་བའི་བདག་པོའི་ཁྱད་ཆོས་དང་དེའི་གཟི་བརྗིད་མཐོང་ཐུབ།

ནམ་མཁའི་རྨ་སྟོད། མཐོན་པོའི་སྒང་དུ་ཆགས་པའི་རྨ་སྟོད། ལུང་གསུམ་གྱི་མདོ་ལ་རྩྭ་རྩི་ཤིང་གི་སྤང་ལྗོངས་ཡོད་ལ། མེ་ཏོག་གི་དྲི་མཆེད་ཡོད། ཆུ་གསུམ་གྱི་འདུས་མདོར་ངང་བ་ཡི་ཚོགས་འཁོར་ཡོད་ལ། ཉ་མོ་ཡི་རྩལ་རྒྱས་ཡོད། མི་གསུམ་གྱི་གཏམ་འགོ་ལ་རྒན་མགོ་དཀར་གྱི་ཁ་སང་གི་ལོ་རྒྱུས་ཡོད་ལ། གཞོན་སོ་དཀར་གྱི་སེམས་ཀྱི་མཆོད་པ་སོགས་ཡོད་པས། མི་ཡུལ་གྱི་དག་ཞིང་དེ་རུ་སེམས་ཆོག་ལ། མི་རིགས་ཤིག་གི་ངོ་གདོང་གཙང་མ་བཙལ་ཐུབ་པའི་བཙན་ས་དེ་རུ་སྒོམ་ཆོག།


  • ལེ་ཚན་སྔོན་མ།:ཡོན་ཏན་དང་ལྷ་མོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།