འཇིགས་སུ་རུང་བའི་ལྷིང་འཇགས་དང་དེའི་ཁྲོད་ཀྱི་བྱམས་བརྩེ།

སོར་གདུབ།        2022-09-01

——རིམས་ནད་ཁྲོད་དུ་དམངས་ཀྱི་ཚེ་སྲོག་ཕྱག་གིས་བསྐྱབས་པའི་ལྷ་རྗེ་ཀུན་ ལ་རྩོམ་ཐུང་འདིས་ཕྱག་བགྱིས།

ཁུ་སིམ་ལ་མོས་ཤིང་ལྷིང་འཇགས་ལ་དགའ་བ་ནི་འགྲོ་བ་ཐམས་ཅད་གཅིག་མཚུངས་ཀྱིས་ཐོབ་པའི་ཐ་སྙད་ཅིག་ཡིན་པས། ངའང་སྤྱི་འགྲོས་ཤིག་གི་བཀག་རྒྱ་ལས་འདའ་ག་ལ་ཕོད། མ་ཟད། ངས་དུས་རྒྱུན་ལྷིང་འཇགས་ཀྱི་འཚོ་བ་ཞིག་འཚོལ་ཐབས་བྱ་བ་སྟེ། རྙོག་འཛིང་ཆེ་བའི་མིའི་སེམས་ཀྱི་ཆགས་སྡང་རྨོངས་གསུམ་འདི། རང་ངོས་ནས་བཅོས་གང་ཐུབ་དང་གཅན་གཟན་གྱི་མཆེ་བ་གཙིགས་པ་ལྟ་བུའི་འཇིགས་སྐྲག་གིས་ཟིན་ལ་སྙིང་རྗེ་བྲལ་བའི་སྤྱི་ཚོགས་དང་འབྲལ་གང་ཐུབ་བྱས།

ཉེ་ལམ་ནི་ངའི་བསམ་དོན་གྲུབ་སོང་བ་ལྟར། གང་ས་གང་དུ་འཇམ་ཅག་གེར་རེད། སྟོང་ལྷང་ངེ་བའི་གཞུང་ལམ་དང་གཡོ་འགུལ་མེད་པའི་རླངས་འཁོར། ཐ་ན་ཁྲོམ་གཞོང་དུ་མིའུ་ཞིག་ཀྱང་མཐོང་དཀའ། ངས་ཁྲོམ་གཞུང་དུ་ཉུལ། ཡང་ཡང་འཚོལ། སུ་ཞིག་རྙེད་དགོས་པ་ནི་མ་ཡིན་མོད། གང་ལྟར་མི་ཞིག་མཐོང་ཐུབ་ན་དེས་འགྲིག། མ་མཐོང་། རྩད་ནས་མ་མཐོང་། ངས་མཐོང་འོང་བ་ནི། སྡོང་རྒན་འགའ་ལོ་མའི་མིག་ཆུ་ལྷུང་བཞིན་ངུ་ཡིན་ཡོད་པ་དང་། གཡོ་འགུལ་མེད་པའི་རླངས་འཁོར་དེ་དག་གིས་བདག་པོ་སྒུག་སྒུག་ཏུ་མ་སླེབས་ནས་ཐལ་བའི་གོས་གོན་པ། སྐྱོ་འོས་པའི་སྣང་བརྙན་རེ་རེས་ནམ་རྒྱུན་གྱི་རྩེད་དགའ་དང་དགོད་སྒྲ། ལོངས་སྤྱོད་དང་རྒྱས་སྤྲོས། གུ་ཡངས་དང་བབ་བརླིང་། ཞོད་འཇགས་དང་བདེ་སྐྱིད་སོགས་ཀྱི་མཛེས་པ་ཐམས་ཅད་ས་འོག་ཏུ་སྦེད་ཀྱིན་པའི་དུས་དེར། འཇམ་ཅག་གེ་བ་དེ་ནི་འཇིགས་སུ་རུང་བ་ཞིག་ཡིན་པར་རྟོགས་བྱུང་ལ་དུར་ས་དང་དམྱལ་བ་ཞེས་པའི་སྐྱི་གཡའ་བའི་ཐ་སྙད་དེ་དག་གི་གམ་དུ་ཁྲམ་ཤིང་ལེན་པར་འཁྲིད་ཀྱིན་ཡོད་པའི་ཚོར་སྣང་ཞིག་ཅིས་ཀྱང་སྟེར།

ཅི་བྱ་གཏོལ་མེད་དུ་གྱུར་པའི་སྐྱེ་བོའི་ཚོགས་ཀྱང་ཏོག་གསར་གློ་ཚད་ཀྱི་ནད་དུག་འདིའི་ཁྲོད་དང་། བྱམས་བརྩེའི་ཁ་བའི་མདོག་གི་གོས་དཀར་མནབས་པའི་ལྷ་རྗེ་རིན་པོ་ཆེ་དག་གི་སྤྱན་སྔར་ཉམ་ཐག་ཅིང་གཉའ་ཞུམ་ནས། འགོས་ནད་དུ༔ཁའི་གཅོང་རོང་གཏིང་ཟབ་ཀྱི་ཁར་ལས་ཀྱི་ལྷགས་པས་ཅི་ཞིག་བྱ་ཞེས་སྨྲེ་སྔགས་ནི་མི་རྒོད་ཀྱི་ངུ་འབོད་ལ་གསེས་ནས་ནམ་མཁར་སྤུར་བ་དང་ནད་སྔོན་འགོག་གི་ཚུལ་དུ་ལག་པ་བཀྲུ་བ་དང་ཁ་ཤུབས་རྒྱག་པ་ཙམ་ལས་ཅི་བྱ་གཏོལ་མེད་དུ་གྱུར་ཟིན་པའི་བདག་ཅག་མཐོང་མ་ཐག། རྣམ་དཀར་དགེ་བའི་ལས་ལ་དང་བ་ཆེ་བའི་ལྷ་རྗེ་བྱང་ཆུབ་སེམས་དཔའི་ཚོགས་ནི། པདྨའི་མཚོ་ལ་ངང་བ་ཚམ་ཚོམ་མེད་པར་འཇུག་པ་ཇི་བཞིན། གླང་སྨྱོན་འཁྲབ་པ་དང་འདྲེ་སྲིན་གྱི་མི་སྡུག་སྟངས་སྟབས་སྒྱུར་བཞིན་པར་རིགས་པའི་ལྷག་ལྷོག་རིམས་ནད་ཀྱི་མེ་འོབས་ལ། ཚན་རྩལ་དཔྱད་ཐབས་ཀྱི་ཆུ་ཆེན་འཁྱིལ་བའི་གསོ་རིག་གཞུང་པོད་རྒྱ་མཚོ་ལས་དྲངས་པའི་འགོག་སྨན་དང་དུག་སེལ་གྱི་འབྲུ་ཕན་གྱིས་རིམས་ནད་བཀག་ཅིང་རྩད་མེད་དུ་གཏོང་བ་དང་། ཉེན་ཁའི་འཕྲང་འགག་ན་ལུས་པའི་དམངས་ཚོགས་ཀྱི་གཅེས་སྲོག་ཕྱག་གིས་བསྐྱབས་པ་ནི། མཚོ་དབུས་ཀྱི་གྲུ་གཟིངས་ཆེན་པོའི་ཡོལ་བ་དང་བཅས་འཐོར་རླུང་དམར་མོའི་རབ་ཏུ་གཏོར་ཞིང་གྲུ་བཞུགས་ཀྱི་སྐྱེ་བོ་ཚོ་མཚོ་རུ་གཡུགས་པས་ན། སྙིང་རྗེ་དང་བྱམས་སེམས་ཀྱིས་ཕྱུག་པའི་ཉ་པ་རྣམས་ཀྱི་གྲུ་ཆུང་མདུན་དུ་ལྷགས་ནས། དེ་དག་འཇིགས་སྣང་ལས་བསྒྲལ་ཅིང་ཚེ་ཡི་སྣུམ་ལ་སྣོན་པ་བཏབ་པའི་དཔེར་ཕོད་ཅིང་འདུག།

དེའང་སྨྲ་བརྗོད་འབུམ་གྱི་མཚོན་ཐབས་བྲལ་བའི་སྲོག་གི་སྦྱིན་པ་རྒྱ་ཆེར་མཛད་པར། བདག་སོགས་འཁྲིད་དགོས་པའི་བྱིས་པ་ཡན་ཆོད་དང་བསྐྱོར་དགོས་པའི་རྒན་རྒོན་མན་ཆད་ཀྱིས་སོར་བཅུའི་ཐལ་མོ་བྲང་ལ་སྦྱར་ཏེ་སྙིང་ཐག་པ་ནས་བཀའ་དྲིན་ལན་བརྒྱར་ཞུ་དགོས་པའི་གནས་སོ།

བདག་བས་གཞན་གཅེས་ཀྱི་འདུན་པའི་ཞུགས་ཏོག་ཡིད་དུ་འོང་བ་ཤ་སྟག་རབ་ཏུ་བཀད་པའི་ལྷ་རྗེ་རྣམས་ཀྱིས། དཀའ་བ་དང་ངལ་དུབ་ཀྱི་བ་མོ་ལ་ཅི་མི་སྙམ་པར་རྐང་དྲུག་དང་ཆུར་ལྟུང་ཀྱི་བརྩེ་བ་སེམས་སུ་འཆར་གྱིན་རིམས་ནད་སྟོན་འགོའི་སྐྱི་སེར་ལ་གདོང་གཏུག་ནས་ཞི་བདེ་ལྷིང་འཇགས་དང་བདེ་སྐྱིད་ཕུན་ཚོགས་ཀྱི་སྟོན་གྱི་ལོ་ཏོག་བཟང་པོའི་ལྗོན་ཤིང་འབྲས་བུས་དུད་པ་ཞིག་འཚོལ་བཞིན་པའི་ངང་ཚུལ་དང་རང་བཞིན་འདིས། བདག་ཅག་དམངས་མི་སེར་གྱི་སྙིང་ཁར་དྲོད་དང་བརྩེ་ཆེན་གྱི་ཁྱིམ་གཞིས་ཤིག་བསྐྲུན་ཡོད་ངེས་ལ། ལོ་རྒྱུས་དང་དེབ་ཐེར་དག་ཏུ་ཐ་སྙད་ཀྱི་གཟུགས་སུ་སྤྲུལ་ནས་གཟིམ་ཆོག་ཅིང་། ནམ་ཡང་བརྗེད་དུ་མེད་པའི་ཞབས་རྗེས་ཤིག་ང་ཚོའི་སྙིང་ཁར་བཀོད་ཡོད།

ཉམས་དམས་པའི་བདག་གིས་ཀྱང་། བྱང་ཆུབ་རིན་པོ་ཆེའི་སེམས་བསྐྱེད་པའི་ལྷ་རྗེ་དཀོན་མཆོག་ཐུགས་རྗེ་ཅན་རེ་རེའི་ངོར། ཀུན་ཏུ་ཁྱེད་ཀྱི་བརྩེ་བ་ལ་ལག་ཟུང་གི་སྙིམ་པ་ཟད་པའི་སྐྱེ་དགུ་ཡོངས་ཀྱི་ཚབ་བྱས་ནས། བརྗོད་བྱའི་དད་སེམས་ཀྱི་བ་སྤུ་གཡོས་ཤིང་རྗོད་བྱེད་སོར་མོ་སྙིང་ཁར་བཏུད་ནས་རྩོམ་ཐུང་འདིས་ཕྱག་བགྱི་བ་བྱའོ། །



  • ལེ་ཚན་སྔོན་མ།:འཚོ་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།