སེམས་ཀྱི་ལྷ་ཆེན།

ཁམས་སྨྱོན་ཧེ་རུ་ཀ        2022-08-16

ཨ་མྱེ་ལགས་རྗེས་སུ་དྲན་པ།

ཁྱོད་ཡོད་དུས་སྨྲ་བསམ་བརྗོད་འདས་ཀྱི་མཛེས་སྡུག་ལྡན་པའི་གཏམ་རྒྱུད་གྲངས་ལས་འདས། ཁྱོད་ཡོད་དུས་རྒྱང་རིང་རྒྱང་གི་ཞིང་གྲོང་དུ་བྱ་བྱིའུ་ངག་སྙན་གི་གྲེ་འགྱུར་ཡོད་ལ། ཡུལ་མི་བྱམས་སེམས་ཅན་གྱི་འཛུམ་མདངས་མངོན། འདུ་འཛི་དང་འཛེར་སྒྲ་བཅས་ཐག་རིང་ཐག་རིང་དུ་ཡལ། ཁྱོད་ཡོད་དུས་རྒྱང་རིང་རྒྱང་གི་འབྲོང་ཐང་ལ་ཆུ་མོ་དྭངས་གཙང་ཞིག་གི་བསུ་མ་ཡོད་ལ། རི་ཀླུང་ལྗང་ཁུ་ཞིག་གིས་གཡབ་མོ་བྱེད།

ཚུལ་འཆོས་དང་ངོ་འབག་གྱོན་པའི་མི་ཚོགས་རྒྱང་རིང་རྒྱང་དུ་ལུས། སེམས་ཀྱི་ལྷ་ཆེན། མཐོ་སྒང་གི་རུས་སྒོམ་ཧྲིལ་པོ་དུར་བྱང་ལ་སྒྱུར་གྱིན་འདུག །ས་རྩི་དཀར་དམར་གྱོན་པའི་རྡོ་ཁང་གི་ཐོག་ཁ་རུ་དར་ལྕོག་རྙིང་ཧྲུལ་གྱིས་གཡབ་གཡུག་རྒྱག་གིན་འདུག །རྒྱབ་ལྗོངས་ན་སྤྲིན་པ་འགའ་ཁེར་རྒྱུ་ཞིག་དང་ནམ་མཁའ་སྟོང་བ་ཞིག་འདུག །གཙང་པོ་བཞུར་ལམ་ཙམ་ལས་མི་སྣང་བར་གྱུར་འདུག །

རྒྱ་ཆེ་ཞིང་རྒྱུན་རིང་བའི་ཁྱིམ་གཞིས་ཆེན་པོ་ཞིག་ཁ་ངོ་བཟློག་རྒྱུའི་མགྲོན་པོ་ཚོའི་ཆང་ཁང་ནག་པོ་ཞིག་ཏུ་བསྒྱུར་འདུག །ད་ནི་རུས་རྒྱུད་བརྗེས་པའི་བྱིས་པ་ཁྲེལ་མེད་ཇེ་མང་རེད། ཟུངས་ཁྲག་གི་དྭངས་མ་འདྲེས་པའི་འབུ་སྲིན་ཇེ་ཉུང་རེད། ཁྱིམ་ཚང་གི་ཆགས་འཇིག་དང་བརྟན་བརླིང་གི་གསང་གྲངས་འབོར་ཚར། འོད་སྣང་ལ་ཡིད་སེམས་འཁྲེང་བའི་ལྷ་ཆེན་ཁྱེད་ཅག་བཞུད་སོང་བས་ཁྲག་ཐིགས་དང་གད་སྙིགས། གཡའ་ཆུ་དང་མེ་སོན་འདྲེས་པའི་བརླན་གཤེར་ཉིན་རེ་བཞིན་ཇེ་མང་དུ་སོང་ཞིང་ཉི་མ་དང་ཆེས་བར་ཐག་ཉེ་བའི་ལྷ་ཡུལ་དེ་ཟ་ཉེ་ལ། ཁྱེད་ཅག་གི་སེམས་ཁོང་དུ་ལྷུང་བའི་གཏམ་རྒྱུད་མང་པོ་མང་པོ་དེ་སྐམ་ལ་ཉེ།

སེམས་ཀྱི་ལྷ་ཆེན། ཏག་ཏག་མི་ལྔ་བཅུའི་ཡར་སྔོན་ཞིག་ལ་ཁྱེད་ཀྱི་གསེར་མདོག་གི་རྒྱ་ཕིབས་འོག་ནས་སྤང་ཐང་གི་དབྱར་གཞུང་འཚོས་ནས་ཡོད་ཟེར། ཁྱེད་ཀྱི་སེམས་ཁོང་ལ་མེས་པོ་གང་ཞིག་གི་སྦྲ་ནག་གི་སྒོ་དར་བསྐྱོད་ནས་ཡོད་ཟེར།དམག་འཁྲུག་ཆེན་མོ་ཞིག་གི་ཁྲོད་ནས་བརྟན་ཞིང་བརླིང་བའི་ངང་ནས་གསོན་ཉམས་ཀྱིས་མངོན་ནས་ཡོད་ཟེར། སྐབས་དེར་ཁྱེད་ལ་མྱ་ངན་སྤར་མོ་གང་། མིག་ཆུ་ཕོར་བ་རེ། སྐྲ་ལོ་ཉག་མ་འགའ་ལས་ཅི་ཡང་མེད་ཟེར། འོན་ཀྱང་། རིགས་ལ་བཅངས་པའི་ཞེན་པ་ལྷོད་མ་མྱོང་། ལྕགས་ནག་གིས་གྲུབ་པའི་རྐང་གླིང་ཁེར་འབུད་བྱ་མ་མྱོང་།

རུས་པ་སྲ་མོ་ཅན་གྱི་ཨ་མྱེ་ལགས། ཁྱེད་ང་ཚོ་ལས་གྱེས་པ་ནས་བཟུང་། དྲོད་ལམ་ལམ་གྱི་གཞིས་ཁྱིམ་ཞིག་དང་། ལྷོད་ཤིག་ཤིག་གི་གནས་ལམ་ཞིག་ཡོད་མ་མྱོང་། ཁྱེད་ཀྱིས་མི་ཚེའི་བྱེ་ཐང་དཀའ་སྡུག་གིས་བརྒལ་དུས་ངས་ཁྱེད་ཀྱི་ཚ་གདུག་སེལ་མ་ཐུབ། ཁྱེད་རང་སྐོམ་གདུང་སེལ་བའི་ཆུ་ཡི་ཐིགས་པ་ཞིག་ཀྱང་འབུལ་མ་ཐུབ། རེད་དེ། ད་ལྟ་ཁྭ་ཏ་བཞིན་ཨག་སྐད་འཛེར་འཛེར་འབྱིན་མཁན་མང་བ་ལས། སེམས་ལྷོད་ལ་ཕབ་སྟེ་རྩྭ་ཐང་དུ་གཅིན་པ་གཏོང་ཕོད་མཁན་ཞིག་ཡེ་ནས་མི་འདུག་ཨང་།།



  • ལེ་ཚན་སྔོན་མ།:གདོད་མའི་ལྗོན་རྒན་ལགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།