ང་དང་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད།

སྙིང་ཁུ་མ།        2022-07-29

ང་རང་ལོ་ན་བཅུ་གསུམ་ཙམ་ཡིན་དུས་ཤིག་ལ། ཨ་ཕས་ང་ལ་གཞོན་ནུ་ཟླ་མེད་ཅེས་པའི་གཏམ་རྒྱུད་འདི་གནང་བྱུང་། དུས་རྒྱུན་དེབ་འདི་ངེད་ཚང་གི་ཡིག་སྒམ་ཞེས་འབོད་པའི་ཤིང་སྒམ་ཀོ་བས་གཡོགས་པ་ཞིག་གི་ནང་དུ་བཞག་ཡོད། དེའི་ནང་དུ་གཟུངས་འདུས་དང་། གཞན་ཡང་གུ་རུའི་རྣམ་ཐར་ཟངས་གླིང་མ། ཞབས་དཀར་པའི་རྣམ་ཐར་སོགས་དཔེ་དེབ་འགའ་ཞིག་བཅུག་ཡོད་པ་དང་། སྒམ་དེའི་ནང་དུ་སྒམ་གྱི་མིང་དང་མི་མཚུངས་པའི་ཅ་ལག་འགའ་ཡོད་པ་ནི་བྱིན་རྟེན་རིགས་སྣ་ཚོགས་བླུགས་པའི་པ་རུ་དང་ཁུག་མ་བཅས་ཏེ། བྱིན་རྟེན་དེ་དག་ཀྱང་མང་ཆེ་ཤོས་ནི་སྨན་སྒྲུབ་ཏུ་འབོད་པའི་མྱོང་གྲོལ་དམ་རྫས་སྣ་ཚོགས་དང་། བདུག་པ་སྣ་ཚོགས་བཅས་ཡིན། སྒམ་འདི་དོན་དངོས་པོའི་སྟེང་ནས་བཤད་ན་བྱིན་སྒམ་དང་ཡིག་སྒམ་གཉིས་ཀ་ཡིན་ནོ། །

དེ་དུས་ཀྱི་སྟོན་གཞུང་ཞིག་ལ། ང་རང་ངེད་ཚང་གི་ཟོག་རྫི་ཡིན་ཞིང་། རུ་བ་ནི་དབྱར་ས་ནས་སྟོན་མཚེར་ཐོག་ཏུ་བབས་ཚར། སྟོན་དུས་ཡིན་པས་སྟོན་ནོར་འཇོ་བཞིན་ཡོད་པ་ནི་སྨོས་ཅི་དགོས། སྟོན་ནོར་བཞོ་ཞེས་པ་ནི་སྟོན་དུས་སུ་ཉིན་མཚན་ཆ་གཅིག་ལ་འབྲི་དྲུས་མ་དག་བཞོ་ཐེངས་གཉིས་རེ་བྱེད་བཞིན་ཡོད་པའི་མིང་ལ་ཟེར་། འདི་ལྟར་གསལ་བཤད་མ་བྱས་ན་ཁྱེད་ཚོར་གོ་བརྡ་མི་འཕྲོད་ཤས་ཆེ། སྟོན་ནོར་བཞོ་བ་ལ་ནོར་དྲོ་བཏགས་ཞེས་ཀྱང་ཟེར། དོན་དུ་དགོང་མོར་འབྲི་བེའུ་རང་རང་གི་རྡང་ནང་དུ་བཏགས་ཡོད་པ་ལ། འབྲི་འཇོ་མཁན་དག་ནམ་མ་གསལ་ཙམ་ནས་མལ་ལས་ལངས་ཏེ་འབྲི་བཞོ་བ་ཡིན་ལ། འབྲི་བཞོ་མཁན་ལས་གཞན་བེའུ་ཡར་འདོགས་མར་གློད་བྱེད་མཁན་ཞིག་ཀྱང་ཡོད་པ་དེར་བེའུ་སྐེ་བྱེད་མཁན་ཞེས་མིང་དུ་འབོད། བེའུ་སྐེ་བྱེད་མཁན་མེད་པར་རང་སྐེ་རང་གློད་ཅེས་འབོད་ལ། ཨ་མ་ལགས་ཀྱིས་ནམ་རྒྱུན་འབྲི་བཞོ་སྐབས་རང་སྐེ་རང་གློད་བྱེད་བཞིན་ཡོད་ཚོད། འདི་ལྟར་མཚན་མོར་འབྲི་བཞོ་བ་ལ་མཚན་ནོར་ལངས་ཞེས་ཟེར་ལ། ང་ནི་ཕ་མ་དང་སྲིང་མོ་སོགས་ཀྱི་དྲིན་གྱིས་ཕོ་ཚེ་ངའི་རིང་ལ་མཚན་ནོར་ལངས་མ་མྱོང་། མཚན་མོ་འབྲི་བཞོས་ཟིན་པ་ནས་ནངས་ཀ་ནོར་གློད་མ་རན་བར་དུ་བེའུ་མི་འདོགས་ལ། དེའི་རིང་བེའུ་ཆུང་ཚོས་མ་འབྲི་དག་ཅི་དགར་ནུ་ཆོག་པ་ཡིན། ཟོག་ཕར་གློད་ཞོར་དུ་བེའུ་ཆུང་ཚོ་ཚུར་བཏགས་དགོས་ཤིང་། བེའུ་ཆུང་གློད་རན་དུས་ཙམ་ལ། ཟོག་རྫི་ང་ཡང་བཅའ་བྲོ་རྒྱབ་ལ་ཁུར་ནས་ནོར་སྔུན་འདེད་མཁན་གྱིས་ཟོག་གང་དུ་བརྒྱབ་ཡོད་པ་དེར་གཏད་ནས་འགྲོ་དགོས་པ་ཡིན། ཉིན་གང་ཟོག་འཚོ་དུས་སུ་རྫི་རོགས་དག་ཡོད་ན་རྒྱལ་པོ་སྒོ་བཞི་མ་དང་ཤ་རུ་མ་སོགས་བགོ་བ་དང་། ཁ་བརྡ་བྱེད་པ་གླུ་ཤགས་བཀྱེ་བ་སོགས་བྱེད་ཆོག་པས་ཉི་མ་ཆོད་སླ། གཅིག་པུར་ཡིན་ཚེ་ཡི་གེ་ཤེས་ན་གེ་སར་སྒྲུང་འདོན་པ། གླུ་ཤགས་དང་གཏམ་དཔེ་ལྟ་བུའི་ཡི་གེ་རེ་ལག་ལ་ཡོང་ན་དེ་ཚོར་གཡེང་བ་དང་། མིན་ན་ཁེར་རྩེད། སྟོང་འདང་། རྒྱང་ལྟ་བཅས་ཀྱིས་ཉི་མ་རེ་ཕར་ལ་རྫོགས་དགོས་པ་ཡིན། ང་ནི་ཡི་གེ་ཤེས་པའི་ཁར་ཉི་མ་མི་ཆོད་པའི་སེམས་ཁྲལ་མེད་པ་ནི་སྟོང་འདང་སྣ་ཚོགས་དང་། ཁེར་གཏམ་ལ་དགའ་བ་དེ་ཡིན་ཞིང་། གཅིག་པུར་ཡིན་དུས་ས་སྐེ་རྡོ་མཆུ་རེ་ལ་གཏམ་དཔེ་བཤད་པ་དང་། གླུ་ཤགས་བཀྱེ་བ། སྒྲུང་ནང་གི་གཏམ་རྒྱུད་ཚན་པ་རེ་བཤད་དེ་བདུད་པོ་དེ་འདི་བཏུལ་ཡོད་སོགས་སྨྲས་ནས་ས་སྐེ་རྡོ་མཆུ་རེའང་གཏོར་མྱོང་ངོ་། །

སྟོན་དུས་སུ་ནངས་སྔ་ཟ་འཐུང་བྱས་ཚར་རྗེས་རི་འགོར་ཟོག་འཚོ་རུ་འགྲོ་བ་ཡིན་ལ། ཏག་ཏག་བཅའ་བྲོ་དང་ལྷན་དུ་དཔེ་དེབ་རེ་ཡང་ཁུར་འགྲོ་བ་ཡིན། ནངས་སྔ་ནས་ཕྱི་དྲོའི་དུས་ཚོད་ལྔ་པ་ཡས་མས་ཏེ། དགོང་ནོར་བཞོ་མ་རན་བར་དུ་ཟོག་འཚོ་དགོས་ཀྱི་ཡོད། ཡང་དགོང་ནོར་བཞོ་ཞེས་པ་འདི་ལ་འགྲེལ་བཤད་ཡག་པོ་རེ་མ་ཐོན་ན་ཁྱེད་ཚོས་ཧ་གོ་ཚོད་མ་རེད་པས། ད་ངས་ཞིབ་ལ་ཕུད་ནས་འགྲེལ་ཡོང་ཨ། ནངས་སྔ་ཟོག་ཕར་གློད་དུས་ནས་བེའུ་ཆུང་ཚུར་བཏགས་ནས། འབྲི་མ་བུ་ཁ་ཁར་བཀར་འཇོག་པ་ཡིན་ལ། ཉིན་མོ་ནི་བེའུ་ཆུང་ཚོ་ཐོག་མར་ཁྱུ་ཁ་མི་ཐུབ་སྐབས་རྟོད་པ་དང་། རིམ་གྱིས་བེའུ་སྦྲེལ་བྱེད་པ་དང་། ཁྱུ་ཁ་ཐུབ་སྐབས་བེའུ་གཟན་ལ་མངགས་པ་ཡིན། ཉིན་མོ་བེའུ་རྫིས་བེའུ་རྒྱང་ནས་མིག་འཚོ་བྱས་པས་ཆོག་ལ། ཕྱི་དྲོ་འབྲི་བཞོ་ལ་རན་པ་ན་འབྲི་མོ་ལྷས་ལ་མ་ཡོང་གོང་བེའུ་ཁྱུ་རྡང་ལ་འདོགས་དགོས་པ་ཡིན་ནོ། །བེའུ་ཟིན་ཐབས་སུ་བེའུ་ལ་ཚྭ་ཞོ་སྩོལ་དགོས་ཏེ། ཚྭ་ཞོ་ནི་ཞོ་ཡི་ཁར་ཚྭ་བཏབ་པའི་དོན་ཡིན། བེའུ་ལ་ཚྭ་ཞོ་ལོབ་པས་བེའུ་བཟུང་ཁ་བདེ་ལ། ཚྭ་དད་ཆེ་བའི་བེའུ་ལ་ནི་སྐད་གོ་ཙམ་ནས་ཚྭ་འབོད་བྱས་ན་རྩེ་གར་གཅིག་གིས་ལྷས་ལ་རྒྱུག་ཡོང་བ་ཡིན། བེའུ་ལྷས་ལ་བརྒྱབ་ཚར་བ་མཐོང་ན་ང་ཡང་ཟོག་གཞུང་ཁ་གཞིལ་མར་བརྒྱབ་ནས། འབྲི་དྲུས་མ་དག་ཕྱེས་ནས་དེད་དེ་ཁྱིམ་དུ་བུད་འགྲོ་ཆོག་པ་ཡིན། དགུང་ཀ་ཕྱི་དྲོ་ལ་འབྲི་ཐེངས་གཅིག་བཞོ་བ་དེར་དགོང་ནོར་བཞོ་ཟེར་ཞིང་། དེ་ཉིན་བཞོ་མཚན་བཞོ་གཉིས་ལས་ཉིནབཞོ་དེ་ཡིན། ད་སྐད་ཆ་འཕྲོས་སོང་། དུས་སྐབས་དེ་འདྲའི་ཆ་ཞིག་ལ། ང་རང་ནོར་རྫི་ཞིག་གི་འགན་ཁུར་ནས་ཡོད་དུས། གོང་སྨྲས་ལྟར་མཛོ་དྲིན་ལ་རྟོལ་དབུས་ལ་ཕྱིན་པ་ལྟར། ཨ་ཕའི་དྲིན་གྱིས་ངས་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་འདི་ལ་མཇལ་རྒྱུ་བྱུང་།

གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ནི་གེ་སར་སྒྲུང་དང་བསྡུར་ན་མི་སྣ་ཉུང་བ་ལ་ཨང་ཞེས་ཁེར་ལབ་བྱེད་མྱོང་ལ། མི་སྣ་ཉུང་ཡང་ཉུང་པོ་ཡོད་དེ། གཞོན་ནུ་ཟླ་མེད་ཀྱི་ཡབ་ལ་རྒྱལ་པོ་ཉི་མའི་བློ་གྲོས་ཞེས་ཟེར་ཞིང་། ཁོའི་བློན་པོ་བཅུ་ལས་བློ་གྲོས་ཅན་ལ་ཤེས་བྱ་ལྡན་དང་། རིག་པའི་དབང་ཕྱུག །མཚུངས་མེད་བློ་གྲོས་ལྡན། བློ་གྲོས་མཆོག་ཏུ་གསལ་བ་བཞི་པོ་ཡིན་ཞིང་། ངས་ཐོག་མར་སྒྲུང་འདི་བལྟ་དུས་འདི་ཚོ་ཤེས་ཆེན་རྐྱང་བ་ཡིན་པ་མཐོང་བ་ན། ངས་འདི་གླིང་སྒྲུང་དང་མི་འདྲ་བར་ཆགས་ཆེན་མང་པོ་འདུག་སྙམ་པ་དང་། ཡང་འདི་ཚོར་ཨ་ཁུ་སྤྱི་དཔོན་ནང་བཞིན་མ་ཡིག་པོ་ཏི་དམར་ཆུང་རེ་ཨེ་ཡོད་སོགས་བསམས་མྱོང་། འབུམ་ཕྲག་དོ་ཟླ་གཅིག་པ་ནི་འབུམ་ཐུབ་ཤན་པ་དཔུང་དམར་ལྟ་བུར་གོ་བ་བླངས་པ་ཡིན། འབང་ཁོལ་གྱི་ཕྱི་བརྗེ་ནང་བཙོང་གི་བསམ་བློ་དེ་དང་ཕྱི་སྣ་ནང་ཁྲིད་དང་ཆར་སྣ་རླུང་ཁྲིད་ལ་དགའ་བ་དེ་ཁོ་ནས་འདི་ནི་ཁྲོ་ཐུང་རང་རེད་ཅེས་བསམས་མྱོང་། འོན་ཀྱང་འབང་ཁོལ་ནི་གཞོན་ནུ་ཟླ་མེད་ཀྱི་ཨ་ཁུ་མ་རེད། གེ་སར་གླིང་ལ་འཁྲུངས་དུས་ར་བ་སྒོ་བཞི་ལ་རིགས་རྒྱུད་རེ་སྐྱེས་པ་ལས་ན་མཉམ་གྱི་བུ་ཞིག་སྐྱེས་པ་མེད་ལ། གཞོན་ནུ་ཟླ་མེད་ནི་དེ་དང་མི་འདྲ་བར་ཁོང་སྐྱེས་པ་ན་སྲིད་པ་གཞོན་ནུར་འབོད་པའི་ན་གཞོན་ཁྲ་གྲུང་སྤྱང་གསུམ་འཛོམ་པ་ཞིག་འཁྲུངས་ཡོད། ཁོང་དང་ན་མཉམ་གྱི་བུ་སྲིད་པ་གཞོན་ནུ་སྐྱེས་པ་དེས་གཞོན་ནུ་ཟླ་མེད་ལ་དཔོན་དྲིན་གཡོག་ལ་ཆེ་བ་ལས་ཀྱང་གཡོག་དྲིན་དཔོན་ལ་ཆེ་བར་ཡོད།

དེ་དུས་ཀྱི་ང་རང་གོ་བ་ཕྲ་བ་དང་། ད་ཚོད་བརྗེད་ངེས་ཀྱིས་ཁྱེར་ནས་ཡིད་ཡུལ་ན་གཞོན་ནུ་ཟླ་མེད་ཀྱི་སྐོར་དེ་ཙམ་མི་འདུག་ནའང་། ཡིད་ཡུལ་ན་ཡོད་པ་དག་གི་ཚིག་གོ་བདེ་ལ། དོན་ངེས་སླ་བའི་རིགས་ཅན་སྐོར་ཞིག་རེད། དེ་ནི་ཐོག་མར་འགོ་འཛིན་པའི་སྐབས་དེར་རྒྱལ་པོ་ཉི་མའི་བློ་གྲོས་ཀྱི་བཙུན་མོ་རྣ་ཆ་འཛིན་ལ་རིགས་རྒྱུད་མ་བྱུང་བར། བློན་པོ་ཚོས་བཙུན་མོ་གཞན་ཞིག་བསུས་ན་ལེགས་པའི་གྲོས་འགོ་སྟོན་པར། བློན་བློ་གྲོས་མཆོག་ཏུ་གསལ་བ་དེས“གཞན་འབྱོར་ཕུན་ཚོགས་མི་བཟོད་གཞན་དབང་གི། །དགའ་མར་ལོངས་སུ་སྤྱོད་པའི་མཐུ་ཐོབ་ཀྱང་། །རིང་ནས་མཛའ་བས་བཅིངས་པའི་རྣ་ཆ་འཛིན། །ཡིད་ཆད་གདུང་བའི་ཁུར་གྱིས་མི་མནར་རམ། །”ཞེས་དང་ཡང་དེ་ལས་“དེ་ལྟར་མཉན་པོས་སྟོན་པའི་གསུང་། །སྙན་འཇེབས་བདུད་རྩིའི་ཟིལ་མངར་ཅན། །དོན་གྱི་རོ་ལྡན་རེ་བའི་འབྲས། །ཡོངས་སུ་རྫོགས་བྱེད་དེ་ཐོས་པས། །ཡིད་ནི་སྡུག་བསྔལ་བརྒྱ་ཕྲག་གིས། །མནར་བའི་གདུང་བ་ལས་གྲོལ་བའི། །དགའ་བདེའི་བརྩེ་དགའ་ཁོངས་ནས་དགོད། །འཛུམ་དཀར་སྣང་བས་ཁྱབ་གྱུར་པའི། །རྣམ་འགྱུར་དེ་ནི་སྦས་ཀྱང་གསལ། །”ཞེས་པ་ལྟ་བུའོ། །

དེ་ལྟར་སྟོན་ཁ་ཞིག་གི་དུས་ཡུན་གྱི་རིང་ང་དང་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ལ་ལས་ཀྱིས་འབྲེལ་བ་དེ་ལྟར་གྲུབ། ངའི་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་དེ་ངས་ཚར་རེ་གཉིས་ལ་བཀླགས་པ་ཡིན་ལ། ད་ཚོད་ཕལ་ཆེར་མི་སྣ་རེ་གཉིས་རེ་མ་གཏོགས་བརྗེད་ནས་ཚར་འདུག་གོ། །

སྟོན་ཀའི་ཕ་ཡུལ་ནི་རྒྱ་ཁྱོན་གཞལ་དུ་མེད་པའི་གསེར་གྱི་གཞོང་པ་ཞིག་དང་འདྲ་ལ། ཡངས་ཞིང་རྒྱ་ཆེ་བའི་སྣོད་དམ་གཞོང་པ་དེར། རྟ་ནོར་ལུག་གསུམ་ཚོམ་བུ་ཚོམ་བུར་བཀོད་དེ། སྣང་བ་ནམ་མཁའ་དང་ཡུག་གཅིག་ཏུ་བསྲེས་ཏེ། སྟོང་བསམ་སྣ་ཚོགས་སྤྲིན་པ་ཞིག་དང་འདྲ་བར་རྣམ་རྟོག་རླུང་གིས་ཡར་བསྐྱོད་མར་བསྐྱོད་བྱས་ཤིང་། ཞོར་དུ་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ལྟ་བུ་དང་། གཞན་ཡང་གེ་སར་གྱི་སྒྲུང་དཔེ་རེ་དཔེ་ཀློག་བྱས་ནས་བསྡད་པའི་ལོ་ཟླ་དེ་ནི།མི་ཚེའི་ཆེས་དྭངས་གཙང་གི་ཆ་ཤས་ཤིག་ཡིན་ངེས་སོ། །


  • ལེ་ཚན་སྔོན་མ།:གཤིན་རྗེའི་མདུན་ན་འདོན་བཀྲ་ཁོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།