“ཞིང་ལས་ལ་ཚན་རྩལ་གྱི་གཤོག་པ་ཐོགས་སུ་བཅུག།”

ཡེ་མགོན་གྱིས་བསྒྱུར།        2022-07-27

ཞི་ཅིན་ཕིང་མི་དམངས་དང་ཐུགས་སེམས་གཅིག་ཏུ་མཐུན།

2013ལོའི་སྤྱི་ཟླ11པའི་ཚེས27ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲན་ཏུང་ཞིང་ཆེན་ཞིང་ལས་ཚན་རིག་ཁང་དུ་ཕེབས་ནས་ཚན་རྩལ་གསར་གཏོད་ཀྱིས་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད། ཞིང་ཆེན་ཞིང་ལས་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཝང་ཧྲུའུ་ཧྥེན་གྱིས་སྤྱི་ཁྱབ་ཧྲུའུ་ཅིར་སྔོ་ཚལ་འདེམས་གསོ་འདེབས་འཛུགས་ཐད་གསར་གཏོད་ཚན་རྩལ་བེད་སྤྱོད་བྱས་ཚུལ་ངོ་སྤྲོད་བྱས་པ་རེད། ཉེ་ཆར།ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཝང་ཧྲུའུ་ཧྥེན་ལ་བཅར་འདྲི་བྱེད་སྐབས་མོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་བཅོལ་བློ་ལ་བརྟན་པོར་བཅངས་ནས་ཚན་རྩལ་གསར་གཏོད་བཀོལ་སྤྱོད་བྱས་ཏེ“ཀྲུང་གོའི་ཤ་ཚལ་སྒོང་གསུམ”ཕུན་སུམ་ཇེར་ཚོགས་སུ་གཏོང་བའི་ཐད་འབད་འཐབ་བྱས་པའི་གཏམ་རྒྱུད་ལ་ཉན་འཇོག་བྱས་པ་རེད།

ཉིན་དེར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ང་ཚོའི་རིག་ནུས་ཅན་གྱི་དྲོད་སྡུད་ཁང་དུ་ཕེབས་བྱུང་། ཡུངས་དཀར་དང་ཡུ་གུ་དཀར་པོ་སོགས་གྲལ་དུ་བསྟར་བའི་ཆུ་བཅུད་འཐེན་པའི་སྔོ་ཚལ་མཐོང་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་ཞབས་བཅགས་མཚམས་བཞག་ནས་གཟིགས་ཞིབ་ཞིབ་ཕྲ་གནང་བ་རེད། ངས་འདེབས་གསོ་སྟེགས་བུའི་ཐོག་འཕྱོ་གཡེང་བྱས་ནས་གསོ་སྐྱོང་གཞོང་པའི་ནང་འཁོར་སྐྱོད་ངང་སྤྱོད་བཞིན་པའི་འཚོ་བཅུད་ཁུ་བ་འགྲེམས་སྟོན་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིར་དེའི་ནང་གི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་ཡིན།

ས་བཅུད་ལ་བརྟེན་ནས་འདེབས་གསོ་བྱས་པ་དང་བསྡུར་ན།ཆུ་བཅུད་ལ་བརྟེན་ནས་འདེབས་གསོ་བྱས་པའི་སྔོ་ཚལ་དེ་བས་སྤུས་དག་ཉེན་མེད་ཡིན་ཞིང་།ཐོན་སྐྱེད་ཀྱི་དུས་འཁོར་དེ་བས་ཐུང་བར་བརྟེན།ཞིང་ལུད་ཀྱི་མ་རྩ་གྲོན་ཆུང་བྱེད་ཐུབ་ལ། ཆུ་གྲོན་ཆུང་བྱས་ནས་འཁོར་སྐྱོད་ཐུབ་པའི་ནུས་པའང་ཡོད་པ་རེད།འདེབས་གསོ་ཐེངས་མ་མང་ཙམ་བྱས་ན་ད་དུང་ཞིང་པའི་ཡོང་འབབ་ཀྱང་འཕར་སྣོན་གཏོང་ཐུབ། མི་སེར་གྱིས་རང་ཁྱིམ་གྱི་ཉི་ཁྱམས་ནའང“ཚལ་ཞིང་ཆུང་ངུ”བཟོ་ཆོག་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་ཞིང་ལས་ལ་ཚན་རྩལ་གྱི་གཤོག་ཟུང་བཏགས་ནས་བཟའ་རྒྱུ་ཡག་པོ་ཡོད་པ་དང་བཟའ་རྒྱུ་ཉེན་མེད་ཡོང་རྒྱུའི་རེ་བ་བསྐོང་རྒྱུ་ཡིས་ཁྲིད་ཕྱོགས་བྱས་ཏེ་སྤུས་ལེགས་ཉེན་མེད་ཀྱི་ཞིང་ལས་ཐོན་རྫས་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏང་དགོས་ཞེས་བཀའ་མངགས་གནང་མྱོང་།

ཧྲན་ཏུང་ནི་ཞིང་ལས་ཀྱི་ཞིང་ཆེན་ཆེན་པོ་ཞིག་ཡིན་ཞིང་།སྒྲིག་བཀོད་སྔོ་ཚལ་ནི་ཧྲན་ཏུང་གི་ཁྱད་ཆོས་ལྡན་ཤོས་ཀྱི“ཞིང་ལས་ཐོན་རྫས”ཀྱི་གྲས་ཤིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་ངས་ས་གནས་དེ་གའི་ཁྱད་ཆོས་ལ་གཞི་ཚུགས་ཏེ་ཚན་རྩལ་དེ་བས་མང་པོ་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཏོང་བའི་ནང་དུ་བཀོལ་སྤྱོད་བྱས་ཏེ་ཞིང་པའི་ཡོང་འབབ་འཕར་སྣོན་དང་མི་སེར་ལ་ཕན་པ་ཐོབ་པ་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན། ཉེ་བའི་ལོ་ཤས་རིང་།ང་ཚོའི་ཚོགས་པས་སྔོ་ཚལ་སྣ་ཁ་གསར་པ་འདེམས་གསོ་དང་།སྔོ་ཚལ་གཙོ་བོ་ཞིབ་བསྡུས་ཅན་གྱི་མྱུ་གུ་གསོ་བ། འབུའི་གནོད་འཚེ་འགོག་ཟོན་སོགས་ཀྱི་ལག་རྩལ་ཞིབ་འཇུག་ཁྱབ་ཁོངས་སུ་གྲུབ་འབྲས་གསར་པ་ཐོབ་པ་དང་།ལག་རྩལ་གསར་པ་ཁག6ཧྲན་ཏུང་ཞིང་ཆེན་གྱི་ཞིང་ལས་སུ་གཙོ་གནད་ཁྱབ་གདལ་གཏོང་བའི་ལག་རྩལ་དུ་གྱུར་དང་འགྱུར་བཞིནཡོད།

རྒྱལ་ནང་གི་རྩེ་གྲ་ཅན་གྱི་སྔོ་ཚལ་ས་བོན་ཁག་གཅིག་སྔོན་ཆད་ནང་འདྲེན་བྱ་རྒྱུར་ཅུང་བརྟེན་ཡོད། ཕུལ་དུ་བྱུང་བའི་ས་བོན་དང་ས་བོན་གསོ་སྐྱོང་གི་ལག་རྩལ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ་གཉན་འགོག་སྤུས་ལེགས་ཀྱི་སྔོ་ཚལ་སྣ་ཁ་གསར་པ་འདེམས་གསོ་ཇེ་མགྱོགས་བྱས་ནས་ང་ཚོས་སྔོ་ཚལ་ནང་འདྲེན་གྱི་ས་བོན་རང་རྒྱལ་གྱི་ཐོན་རྫས་ཅན་དང་རྒྱལ་ནང་གི་གྲགས་ཅན་སྤུས་ལེགས་ཐོན་རྫས་རྒྱལ་སྤྱི་ཅན་དུ་འགྱུར་རྒྱུར་རྒྱུན་མཐུད་དུ་སྐུལ་འདེད་བཏང་ཡོད།

པད་ཚལ་དང་ལ་ཕུག་ནི་རང་རྒྱལ་ནས་ཐོན་པ་ཞིག་ཡིན་མོད།འོན་ཀྱང་ཐོན་རྫས་ཡག་གྲས་ཀྱི་དབྱར་དཔྱིད་དུས་ཚིགས་ཀྱི་ས་བོན་རྒྱུད་ནི་བར་སྐབས་ཤིག་ལ་ནང་འདྲེན་བྱས་པའི་ས་བོན་གྱིས་སྒེར་སྡོམ་བྱས་ཡོད། རྣམ་པ་འདི་སྒྱུར་བའི་ཆེད་དུ་ང་ཚོའི་ཚོགས་པས་འགག་སྒྲོལ་ཚོ་ཆུང་འགའ་བཙུགས་ནས་གྲུབ་འབྲས་ཅུང་ཙམ་ཐོབ་ཡོད། དགུན་དུས་དྲོད་སྡུད་ཁང་ནང་དུ་དགུན་འདེབས་དང་མྱུ་གུ་འདེབས་གསོ། དབྱར་དུས་སུ་འདེབས་འཛུགས་བྱས། དེ་ལྟར་ལོ་ཟླ་བསྟུད་མར་འཚོལ་ཞིབ་བྱས་ནས་སླར་ཡང་ཞིབ་འཇུག་གི་གྲུབ་འབྲས་བསྡུ་སྒྲིལ་བེད་སྤྱོད་བྱས་ཏེ་མཐར་ནང་འདྲེན་བྱས་པའི་པད་ཚལ་དང་ལ་ཕུག་གི་ས་བོན་གསར་པའི་ཚབ་བྱེད་ཐུབ་ཀྱི་ཡོད་པ་རེད།

ད་ཆ་རང་རྒྱལ་ནས་ཐོན་པའི་སྔོ་ཚལ་ས་བོན་གྱིས་ཧྲན་ཏུང་ཧྲོའུ་ཀོང་གི་ཁྲོམ་ར་བཟུང་ཚད2010ལོའི་སྔོན་གྱི་བརྒྱ་ཆ54ནས་བརྒྱ་ཆ70ཡན་མཐོ་རུ་ཕྱིན་ཡོད་པ་རེད། སྔོན་ཆད་ནང་འདྲེན་བྱས་པའི་ཐོན་རྫས་ཀྱིས་ཁྲོམ་ར་བཟུང་ཚད་བརྒྱ་ཆ80ཡན་ལ་ཟིན་པའི་ཀ་པེད་ནི་རང་རྒྱལ་ནས་ཐོན་པ་ཤ་སྟག་ཡིན་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སྐུལ་འོག། ངས་ཚན་རྩལ་གསར་གཏོད་ཀྱིས “ཀྲུང་གོའི་ཤ་ཚལ་སྒོང་གསུམ”ཕུན་སུམ་ཇེར་ཚོགས་སུ་བཏང་བ་ཡིན། ངས་ཞིང་པ་དང་ཞིང་སྡེ་འཕེལ་རྒྱས་ཀྱི་དགོས་མཁོར་མུ་མཐུད་དེ་དམིགས་ཏེ་སྔོ་ཚལ་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་ལམ་བུ་འཚོལ་ཞིང་ཉམས་མྱོང་བསགས་ནས་མི་སེར་ལ་བློ་བདེའི་སྔོ་ཚལ་དང་སྤུས་ལེགས་སྔོ་ཚལ་བཟའ་རུ་བཅུག་རྒྱུ་ཡིན།།



  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་ཀ་བཞི་ཡུལ་ཤོག་ཏུ་གད་སྙིགས་ཕྱིར་བསྡུ་ས་ཚུགས་བསྐྲུན།
  • ལེ་ཚན་རྗེས་མ།:ཞིང་ཆེན་ཏང་ཨུའི་ལས་དོན་གྲོས་ཚོགས་ཀྱི་སྙིང་དོན་རིས་འགྲེལ་མ།
  • དོ་སྣང་ཆེ་བའི་རྩོམ།