ལེ་དབར་ཁྲི་ཚོ་བརྒལ་ནས་ཚན་རྩལ་གཞི་རིམ་སྤེལ།། སྟར་ཀའི་འདེབས་འཛུགས་ཞབས་ཞུ་ཞིང་པའི་ཁྱིམ་དུ་བྱེད།།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-07-27

ཞིང་ཆེན་ལེ་དབར་ཁྲི་ཡི་ཚན་རྩལ་གཞི་རིམ་དུ་སྤེལ་བའི་ཞབས་ཞུའི་ཚོགས་པའི་དབུ་བཞུགས་ཆེད་མཁས་པ་སི་ཁྲོན་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཝན་ཞུའེ་ཆིན་གྱིས་ཚོགས་པའི་ཁོངས་མིའི་སྣེ་ཁྲིད་དེ་དར་མདོ་གྲོང་ཁྱེར་སྐྱིད་ཐང་གྲོང་རྡལ་དང་ཕོག་ཐག་ཡུལ་ཤོག་ཏུ་ཡོང་ནས་ས་གནས་དེ་གའི་སྟར་ཀ་སྐྱེ་འཚར་གྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་རེད།

སྐྱིད་ཐང་གྲོང་རྡལ་ནི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འགྲམ་རྒྱུད་དུ་ཆགས་ཡོད་པ་དང་གྲོག་རོང་ཁུལ་དུ་གནས་ཤིང་ནམ་ཟླ་བརླན་ཞིང་དྲོ་བ་དང་ཉི་འོད་ལེགས་ཤིང་ཆུ་ཁུངས་ཕུན་སུམ་ཚོགས་པ་བཅས་ཡིན་པས། སྟར་ཁའི་འདེབས་འཛུགས་ལ་ཧ་ཅང་འཚམ་པོ་ཡོད། ལོ་མང་འཕེལ་རྒྱས་བཏང་བར་བརྒྱུད་སྟར་ཀ་ནི་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐོན་ལས་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། ས་གནས་དེ་གའི་མི་སེར་གྱི་ཡོང་འབབ་གཙོ་བོའི་གྲས་ཤིག་ཀྱང་རེད།

ཆེད་མཁས་ཚོགས་པ་སྐྱིད་ཐང་གྲོང་རྡལ་གྱི་གདོང་ལེན་གྲོང་ཚོ་དང་པོ་དང་གཉིས་པ།གསུམ་པ་བཅས་སུ་སོང་ནས་ཡུལ་དངོས་ནས་ཆེད་མཁས་པ་ཚོས་ངང་རྒྱུད་རིང་ལ་ཞིབ་ཚགས་པའི་སྒོ་ནས་གྲོང་མི་ཚོར་སྟར་ཁའི་མཐུད་སྦྱོར་བྱ་ཐབས་དང་ནད་འབུའི་གནོད་འཚེ་བཅོས་སྒྲིག་གི་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་བརྒྱབ་པ་རེད། དུས་མཉམ་དུ་ས་གནས་དེ་གའི་མི་སེར་གྱིས་ན་ནིང་གི་སྟར་ཁའི་ཐོན་སྐྱེད་དང་བྲིན་ཚོང་གི་གནས་ཚུལ་ཤེས་རྟོགས་བྱས་པ་དང་ད་ལོའི་སྟར་ཁའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་རེད། བཅར་འདྲི་བྱས་པ་བརྒྱུད་ནས་ཆེད་མཁས་པས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་གྲོང་མི་ཚོའི་མདུན་དུ་ལྷགས་པའི་དཀའ་གནད་ཆེ་ཤོས་ནི་སྟར་ཁ་ཕྱིར་འཚོང་དཀའ་བ་དང་རིན་གོང་ཆག་པ་དེ་རེད། དེར་ཆེད་མཁས་ཚོ་ཆུང་གིས་ནུས་ཤུགས་ཡོད་རྒུས་མི་སེར་ལ་བྲིན་ཚོང་ཐབས་ལམ་རྒྱ་ཆེར་གཏོང་རོགས་བྱས་ནས་སྟར་ཁའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མི་སེར་གྱི་འབབ་འཕར་ལ་སྐུལ་འདེད་གཏང་རྒྱུ་ཡིན་ཞེས་བཤད་པ་རེད།

དེ་རྗེས་ཆེད་མཁས་ཚོ་ཆུང་ཕོག་ཐག་ཡུལ་ཤོག་གསར་དར་གྲོང་སྡེ་འགབ་མར་བསྐྱོད་ནས། ཉེ་བའི་ལོ་ཤས་རིང་ནང་འདྲེན་དང་མཐུད་སྦྱོར་བྱས་པའི་སྟར་ཁའི་སོན་རིགས་གསར་པ་ཡན་ཡོན་ཙའོ་ཞེས་པའི་སྐྱེ་འཚར་དང་འབྲས་བཟང་གི་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་བྱས། ཡན་ཡོན་ཙའོ་ལ་ཐོན་འབབ་བརྟན་ལ་མཐོ་བ་དང་ལས་སྣོན་བྱས་པའི་ཐོན་ཚད་མཐོ་བའི་ཁྱད་ཆོས་ལྡན་པར་མ་ཟད། སྨིན་པ་མགྱོགས་ལ་འབྲས་བུ་ཆེ་བ་དང་། ཤུན་པ་སྲབ་ལ་ནང་འབྲས་ལེན་སླ། དེར་སྤྲི་དཀར་ཀྱི་བཅུད་དང་སྣུམ་ཚིལ་སོགས་འཚོ་བཅུད་ཕུན་སུམ་ཚོགས་པོ་ལྡན། ཆེད་མཁས་ཚོགས་པས་ས་གནས་ས་ཐོག་ཏུ་ཞིབ་འཇུག་བྱས་རྗེས་ས་གནས་དེ་གར་མཐུད་སྦྱོར་བྱས་པའི་ཡན་ཡོན་ཙའོ་སྟར་ཁའི་སྐྱེ་འཚར་རྒྱུན་གཏན་ལྟར་ཡོང་གི་ཡོད་པ་དང་འབྲས་བུ་ཆགས་ཟིན་པས་མི་རིང་བར་སྔོག་འཐུ་དུས་ཚིགས་བསླེབ་རྒྱུ་རེད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན།ཉེ་བའི་ལོ་གཉིས་རིང་ཞིང་ཆེན་ཚན་རྩལ་གཞི་རིམ་དུ་ལེ་དབར་ཁྲིར་སྤེལ་བའི་ཆེད་མཁས་ཚོགས་པའི་ལག་རྩལ་གྱི་མཛུབ་ཁྲིད་དང་དར་མདོ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་དར་མདོ་གྲོང་ཁྱེར་གྱིས་སྟར་ཁའི་རིགས་ཡན་ཡོན་ཙའོ་གཞི་ཁྱོན་ཆེན་པོས་ཁྱབ་གདལ་བཏང་ནས་མཐུད་སྦྱོར་ལེགས་སྒྱུར་རྒྱ་ཁྱོན་མུའུ5000ལྷག་ལ་ཟིན་ཡོད་པ་རེད།



  • ལེ་ཚན་སྔོན་མ།:ཧྥུང་ཧྥ་ཀུའེ་ཡིས་དཔལ་ཡུལ་རྫོང་དུ་བརྟག་ཞིབ་གནང་།
  • ལེ་ཚན་རྗེས་མ།:སེར་ཤུལ་རྫོང་ཀ་བཞི་ཡུལ་ཤོག་ཏུ་གད་སྙིགས་ཕྱིར་བསྡུ་ས་ཚུགས་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།