ཁུལ་ཨུའི་ཞིང་སྡེའི་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2022-07-22

     སྤྱི་ཟླ7པའི་ཚེས18ཉིན་ཁུལ་ཨུའི་ཞིང་སྡེའི་ལས་དོན་མགོ་ཁྲིད་ཚོ་ཆུང་གི2022ལོའི་ཚོགས་འདུ་ཐེངས་གསུམ་པ་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ།ཡུལ་སྡེ་དར་རྒྱས་གཏོང་བ་དང་འབྲེལ་མཐུད་གོ་ཆོད་པོ་ཡོང་བར་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་དར་མདོར་འཚོགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཚོགས་འདུར་ཕེབས་ཤིང་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་སི་ཁྲོན་དུ་རྟོག་ཞིབ་ཕེབས་སྐབས་ཀྱི་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཤུགས་ཆེན་བྱེད་པ་དང་།  ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་འབྲུ་རིགས་ཉེན་མེད་དང་། གཞི་ཁྱོན་ལྡན་པའི་དབུལ་པོ་བསྐྱར་ལོག་སྔོན་འགོག།  རྨོ་ཞིང་སྲུང་སྐྱོང་བཅས་ཀྱི“དོན་ཆེན་གསུམ”ལ་དམ་འཛིན་ཡག་པོ་བྱས་ནས་ཁུལ་ཡོངས་ཀྱི་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་སྐྲུན་པར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་ཞིང་ལས་ཆུ་ཚད་དེ་བས་མཐོ་བ་དང་། ཞིང་སྡེའི་ཁོར་ཡུག་དེ་བས་མཛེས་པ། ཞིང་པའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་བཅས་ཡོང་རྒྱུར་འབད་བརྩོན་བྱ་དགོས་ཞེས་ནན་གསུང་གནང་། 

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་ཚོགས་འདུར་ཞུགས་པ་རེད། 

    ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ“ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་རྒྱུན་འཁྱོངས་པ་དང་། ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་བའི་སྤྱིའི་བྱེད་ཕྱོགས་གཏན་འཁེལ་བྱས་ཤིང་།  ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་འགོ་བཙུགས་པ་དང་། ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་འཐོབ་རྒྱུར་སྐུལ་འདེད་བཏང་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་རྟོག་ཞིབ་གནང་བར་ཕེབས་སྐབས་སི་ཁྲོན་གྱིས་དུས་རབས་གསར་པར་ཆུ་ཚད་དེ་བས་མཐོ་བའི“སི་ཁྲོན་འབྲུ་མཛོད”འཛུགས་པའི་མཛུབ་སྟོན་གལ་ཆེན་གནང་བར་བརྟེན། ང་ཚོས་དཀར་མཛེས་ཁུལ་གྱི“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་རང་ཁུལ་དུ་བརྟག་ཞིབ་ཏུ་ཕེབས་སྐབས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བའི་ཐད་མཛུབ་སྟོན་བླང་བྱ་ཁ་གསལ་བཏོན་གནང་བ་རེད། རྫོང(གྲོང་ཁྱེར)ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་ཤིང་། རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་རྒྱག་པ། འགན་འཁྲི་ནན་དུ་གཏོང་བ། ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཀྱི་ཞན་ཆ་གསབ་པ་དང་། ཁུལ་ཡོངས་ཀྱི“ཞིང་གསུམ”ལས་དོན་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པ་དང་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་གཏང་དགོས་ཞེས་བསྟན་པ་རེད།

     གྲོས་ཚོགས་ཐོག་ནན་པོར་བསྟན་དོན། འབྲུ་རིགས་ཉེན་མེད་ཀྱི་མཐིལ་ཚད་བརྟན་སྲུང་མཐའ་གཅིག་ཏུ་བྱས་ཏེ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏང་རྒྱུ་དེ་སྔར་ལས་འབུར་དུ་ཐོན་པའི་གནས་སུ་འཇོག་པ་དང་།“འབྲུ་རིགས་ས་ཞིང་ལ་བརྟེན་པ་དང་། འབྲུ་རིགས་ལག་རྩལ་ལ་བརྟེན་པ”དང་རྨོ་ཞིང་སྲུང་སྐྱོང་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། འབྲུ་རིགས་ཉེན་མེད་ཀྱི་འགན་འཁྲིའི་ལམ་ལུགས་ལ་དཔྱད་ཞིབ་ནན་པོ་བྱེད་ཅིང་། ཞིང་དཔོན་གྱི་འགན་འཁྲིའི་ལམ་ལུགས་ཀྱི་མ་ལག་འཛུགས་པ་དང་། ས་རྒོད་དུ་བསྐྱུར་བར་ཆེད་དོན་བཅོས་སྒྲིག་ཏན་ཏིག་བྱེད་པ། རྨོ་ཞིང་གི“ཞིང་ལས་མིན་པའི་རང་བཞིན”དུ་འགྱུར་བ་དང་གཞི་རྩའི་རྨོ་ཞིང་ནང་“འབྲུ་རིགས་འདེབས་མེད་པའི་རང་བཞིན”དུ་འགྱུར་བ་བཀག་འགོག་མཐའ་གཅིག་ཏུ་བྱས་ནས“བཟའ་འབྲུ”ཕུན་སུམ་ཇེ་ཚོགས་སུ་གཏང་དགོས་ལ།“ཤ་ཚལ་སྒོང”གསུམ་ཇེ་འབེལ་དུ་བཏང་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་ཉེན་མེད་འགན་ལེན་བྱ་ཆེད་དགོས་ངེས་ཀྱི་བྱས་རྗེས་འབུལ་གཞག་དགོས།

    ཚོགས་འདུའི་ཐོག་དཔལ་འབྱོར་བརྟན་པོ་ཡོང་བ་དང་འབྲུབ་འགོག་གེགས་སེལ་དང་རིམས་ནད་འགོག་ཟོན་སོགས་ཀྱི་གཙོ་གནད་ལས་དོན་ལ་སླར་ཡང་བཀོད་སྒྲིག་བྱས་པ་རེད། ཚོགས་འདུའི་ཐོག་རིམ་ཁག་སྡེ་ཚན་ཁག་གིས“རིམས་ནད་འགོག་ཟོན་དང་དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་ཉེན་མེད་ཡོང་བ”བཅས་ཀྱི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ལོ་འཁོར་གྱི་དམིགས་འབེན་ལས་འགན་ལ་དམིགས་ཏེ་དུས་བབ་དབྱེ་ཞིབ་བཀོད་གཏོང་ལ་ཤུགས་རྒྱག་པ་དང་། དངོས་འཛིན་དངོས་སྒྲུབ་དང་འགག་སྒྲོལ་དཀའ་སེལ་ལ་ཤུགས་བརྒྱབ་སྟེ“དཔལ་འབྱོར་དོན་གཉེར་དང་འཕེལ་རྒྱས་དམ་དུ་འཛིན་པའི”རྒྱུགས་ལན་བཟང་པོ་ཞིག་ཧུར་ཐག་སྤྲད་ནས་ཞིང་ཆེན་ཡོངས་ཀྱི་རྐང་པ་འཐེན་མི་རུང་། “རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་བསམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ནས་འབྲུབ་འགོག་དང་གེགས་འགོག། ཉེན་འགོག་ཉེན་སེལ་བཅས་ལ་གཞི་ཚུགས་ཏེ་ལས་རེས་བརྟན་སྲུང་དང་། ཚན་རིག་དང་མཐུན་པའི་སྔོན་འགོག་ཉེན་བརྡ་གཏོང་བ།  མི་མངོན་པའི་རྐྱེན་ངན་བཅོས་སྒྲིག། འཚུབ་བསྟུན་ནང་སྦྱོང་།  དངོས་ཟོག་གྲ་སྒྲིག་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་ཉེན་མེད་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་དགོས། ཀྲུང་དབྱང་དང་ཞིང་ཆེན་གྱི་རིམས་ནད་འགོག་ཟོན་གྱི་སྤྱིའི་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་དམག་འཐབ་ལ་ཞེན་པ་ལོག་པའི་བསམ་ཚུལ་དང་ལྷོད་གཡེང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་ཅིང་། འགོག་ཟོན་བྱ་ཐབས་ནན་ཞིང་ཚད་དང་ལྡན་པ་དོན་འཁྱོལ་བྱ་དགོས་ལ། གཅིག་ཐོག་གཉིས་སྤོར་དང་བབ་བསྟུན་ལག་བསྟར་བྱེད་པ་ཡང་སྔོན་འགོག་བྱས་ནས་ཁུལ་ཡོངས་ཀྱི་ཐོབ་པར་དཀའ་བའི་རིམས་ནད་འགོག་ཟོན་གྱི་གྲུབ་འབྲས་བརྟན་དུ་ཏན་ཏིག་གཏང་དགོས་ཞེས་བླང་བྱ་བཏོན། 

     ཚོགས་འདུའི་ཐོག་དར་མདོ་གྲོང་ཁྱེར་དང་དཀར་མཛེས་རྫོང་། རྟའུ་རྫོང་། ཕྱག་ཕྲེང་རྫོང་། བརྒྱད་ཟིལ་རྫོང་བཅས་ཀྱིས་ཞིང་པའི་འབབ་འཕར་དང་། ནོར་གནག་ཐོན་ལས་འདུས་ཚོགས་བཙུགས་པ། དབུལ་པོར་བསྐྱར་དུ་ལོག་པ་སྔོན་འགོག་སོགས་ཀྱི་ལས་དོན་ལ་དམིགས་ནས་སྤེལ་རེས་བྱས་པ་རེད། 

     ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་གྱི་རྣམ་པའི་ཐོག་ནས་རྫོང(གྲོང་ཁྱེར)ཁག་ཏུ་འཚོགས་ཤིང་། འབྲེལ་ཡོད་ཁུལ་མགོ་ཁྲིད་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པ་རེད།།


  • ལེ་ཚན་སྔོན་མ།:ཚོར་བའི་སྣང་བརྙན།
  • ལེ་ཚན་རྗེས་མ།:ལོ་སྟོད་དུ་ཁུལ་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་བརྟན་པོའི་ངང་འཕར་ཡོད།
  • དོ་སྣང་ཆེ་བའི་རྩོམ།