ཝང་ཞའོ་ཧུའེ་ཡིས་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་།

སྐལ་ཐུབ་ཀྱིས་བསྒྱུར།        2022-07-18

ཝང་ཞའོ་ཧུའེ་ཡིས་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་།

སྤྱི་ཟླ7པའི་ཚེས12ཉིན་ལ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ལྕགས་ཟམ་རྫོང་གི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་སྐྲུན་ཡུལ་དུ་ཕེབས་ནས་ལས་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་རྒྱུས་ལོན་གནང་བར་མ་ཟད། ཁྲོན་བོད་ལྕགས་ལམ་གཡག་རྔ་ནས་ཉིང་ཁྲི་བར་གྱི་འཆར་འགོད་འཛུགས་སྐྲུན་གྱི་སྙན་སེང་ལ་གསན་བཞིན་པའི་ཚུལ།

      སྤྱི་ཟླ7པའི་ཚེས12ནས13ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་ཕེབས་ནས་གཟིགས་ཞིབ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་བཀོད་སྒྲིག་དང་བླང་བྱ་ཁྱོན་ཡོངས་ནས་དོན་ཐོག་འཁྱོལ་ཞིང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་ཅིང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་རྒྱུན་མི་ཆད་པར་ཇེ་དྲག་ཏུ་གཏོང་བ། མི་དམངས་གཙོ་བོར་འཛིན་པ་མཐའ་འཁྱོངས་ཤིང་། འཕེལ་རྒྱས་ཀྱི་དཀའ་གནད་སེལ་བར་ཤུགས་རྒྱག་པ་དང་འཕེལ་རྒྱས་ཀྱི་ལེགས་ཆ་ཆེ་རུ་བཏང་སྟེ་བོད་འབྲེལ་ས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་འདེད་ཏན་ཏིག་གཏང་དགོས་ཞེས་ནན་གསུང་གནང་བ་རེད།

ཁྲོན་བོད་ལྕགས་ལམ་བསྐྲུན་རྒྱུ་ནི་དུས་རབས་རང་བཞིན་གྱི་འཐབ་ཇུས་ལས་གྲྭ་ཞིག་ཡིན་པ་དང་སི་ཁྲོན་གྱི་ལམ་དུམ་སྐྲུན་པའི་འཕེལ་རིམ་ཇི་ལྟར་ཡིན་པ་ལ་ཝང་ཞའོ་ཧུའེ་ཡིས་ཐུགས་ཁུར་ཆེན་པོ་གནང་གི་ཡོད། ཁོང་གིས་ཁྲོན་བོད་ལྕགས་ལམ་བསྐྲུན་རྒྱུའི་འཆར་འགོད་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་ངོ་མས་ཇུས་འགོད་དང་བཀོད་སྒྲིག་གནང་བ། སྐུ་ངོ་མས་སྐུལ་འདེད་གཏོང་བའི་འཐབ་ཇུས་བྱེད་ཐབས་གལ་ཆེན་ཞིག་ཡིན་པས་སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ལྷག་པར་དུ་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་གལ་འགངས་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད་ཅེས་གསུངས་པ་རེད། ཁོང་གིས་ཁུལ་དང་རྫོང་གི་འགན་འཁུར་བློ་མཐུན་ལ་ནུས་ཤུགས་ཡོད་རྒུས་ཁྲོན་བོད་ལྕགས་ལམ་སྐྲུན་པར་རྒྱབ་སྐྱོར་བྱས་ནས་ཚད་གཞི་མཐོ་ལ་སྤུས་ཚད་མཐོན་པོའི་སྒོ་ནས་ཁྲོན་བོད་ས་ཁུལ་གཉིས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ལམ་བུ་དང་བདེ་སྐྱིད་ལམ་བུ་དེ་ཡག་པོ་བསྐྲུན་ཐུབ་པར་འགན་ལེན་བྱ་དགོས་པའི་མངགས་བཅོལ་གནང་བ་རེད།

       ཝང་ཞའོ་ཧུའེ་དམར་དམག་གིས་ལྕགས་ཟམ་ཟམ་པ་འཕྲོག་པའི་དྲན་གསོའི་རྡོ་རིང་སྤྱི་གླིང་དུ་ཕེབས་ནས་གོམ་སྟབས་དལ་པོའི་ངང་དཔའ་བོའི་མཛད་རྗེས་རྡོ་རིང་ཉེར་གཉིས་བརྒྱུད་པ་དང་། དམར་དམག་གིས་ལྕགས་ཟམ་ཟམ་པ་འཕྲོག་པའི་དྲན་གསོའི་རྡོ་རིང་གི་མདུན་དུ་ཕེབས་ནས་གུས་གཟིགས་གནང་བ་དང་། དྲན་གསོ་ཁང་དུ་ཕེབས་ཏེ་ས་གནས་དེ་གའི་གསར་བརྗེའི་རིག་དངོས་དང་རྒྱང་སྐྱོད་རྗེས་ཤུལ་སྲུང་སྐྱོང་བེད་སྤྱོད་ལས་དོན་གྱི་སྙན་སེང་ལ་གསན་པ་དང་འབྲེལ་དཀར་མཛེས་ཁུལ་ཁོངས་ཀྱི་དམར་དམག་གི་གསར་བརྗེའི་ལོ་རྒྱུས་ཀྱི་དོན་དངོས་དང་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་བཏང་ཚུལ་རྒྱུས་ལོན་གནང་བ་རེད། ཁོང་གིས་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱས་ནས་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་དཀར་མཛེས་ཁུལ་གྱི་དུམ་མཚམས་འཛུགས་སྐྲུན་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་། རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་སྒོ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཞིང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ལོ་རྒྱུས་མེ་ལོང་དུ་བྱས་ནས་འབྱུང་འགྱུར་གཏོད་པ་དང་། དཀའ་སྤྱད་སྙིང་རུས་ཀྱིས་མདུན་སྐྱོད་བྱ་དགོས་པར་སྐུལ་མ་དང་སྣེ་ཁྲིད་བྱས་ཏེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པའི་ཐོག་རྒྱལ་ཁ་གསར་པ་བརྩོན་ལེན་དང་ལེའུ་གསར་པ་བརྩམ་དགོས་ཞེས་ནན་གསུང་གནང་བ་རེད།

      གྲོང་ཚོ་དེས་ཏང་ལེགས་སྐྱོང་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་གཏོང་བར་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་པ་དང་། འཕེལ་རྒྱས་གཏོང་སྟངས་དང་ཁེ་ཕན་མཉམ་སྦྲེལ་ནང་སྲོལ་གསར་དུ་བཏོད་དེ་གྲོང་མིའི་ཡོང་འབབ་རྒྱུན་མཐུད་དང་བརྟན་པོའི་ངང་འཕར་བར་སྐུལ་ཁྲིད་བྱས་ཡོད་པའི་གནས་ཚུལ་ཤེས་སྐབས་ཝང་ཞའོ་ཧུའེ་ཧ་ཅང་དགའ་པོ་བྱུང་ཡོད། ཁོང་གིས་ད་ཐེངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་ཕེབས་ནས་རྟོག་ཞིབ་གནང་སྐབས“ཏང་གི་གཞི་རིམ་རྩ་འཛུགས་ལེགས་སྐྱོང་བྱས་ཏེ་ཡུལ་མི་ཚོ་དབུལ་ཐར་ཐུབ་རྗེས་ཡུལ་སྡེ་དར་རྒྱས་འགྲོ་རྒྱུར་མུ་མཐུད་དེ་སྐུལ་འདེད་གཏང་དགོས”ཞེས་མངགས་བཅོལ་གནང་ཡོད་ཅེས་གསུངས་པ་རེད། ལས་མཇུག་འགྲིལ་ནས་ཡུན་རིང་མ་སོང་བའི་དར་མདོ་གྲོང་ཁྱེར་སློབ་འབྲིང་གཉིས་པ་ནི་ཀྲེ་ཅང་གི་ཁ་གཏད་རོགས་སྐྱོར་འཛུགས་སྐྲུན་གྱི་གཙོ་གནད་ལས་གཞི་ཞིག་ཡིན་པ་དང་འདི་ལོའི་སྟོན་དུས་དངོས་སུ་སློབ་འགོ་ཚུགས་གྲབས་ཡོད། ཝང་ཞའོ་ཧུའེ་སློབ་གྲྭར་ཕེབས་ནས་སློབ་ཁྲིད་ཐོག་ཁང་དང་ལུས་རྩལ་ཐང་སོགས་ཀྱི་སྒྲིག་བཀོད་སྒྲིག་ལ་ལྟ་ཞིབ་གནང་བ་དང་སློབ་མའི་ཉལ་ཁང་དུ་ཕེབས་ཏེ་ཞག་སྡོད་ལམ་ལུགས་ཀྱི་སློབ་མའི་ཞག་སྡོད་འགན་ལེན་བྱས་ཚུལ་རྒྱུས་ལོན་གནང་བ་དང་འབྲེལ་ཀྲེ་ཅང་གི་སི་ཁྲོན་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པར་འཚམས་འདྲི་དང་བཅས་ཚང་མར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད། ཁོང་གིས་བསམ་བློའི་ཆབ་སྲིད་ལས་དོན་དེ་སློབ་གསོ་དང་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་དར་སྤེལ་དང་ལག་ལེན་བསྟར་བ། སློབ་མས་རྒྱལ་གཅེས་བརྩེ་དུང་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་བློ་སྤོབས། རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བའི་བྱ་སྤྱོད་བཅས་རང་རྟོགས་ངང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་འབད་འཐབ་ཁྲོད་དུ་འདྲེས་སུ་འཇུག་པ་ཁྲིད་སྟོན་བྱ་དགོས་ཞེས་བསྟན་པ་རེད།

རྟོག་ཞིབ་གནང་རིང་། ཝང་ཞའོ་ཧུའེ་ད་དུང་རྟའུ་རྫོང་གི་ཉི་མཚོ་དགོན་དུ་ཕེབས་ནས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་རྒྱ་བོད་ཡིག་པར་མ་གནང་བ་དང་། དགོན་སྡེར་ཁྲིམས་ལྟར་དོ་དམ་ཚད་ལྡན་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གནང་བ་རེད། ཁོང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་ཅིང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་སྐུལ་འདེད་གཏོང་བ། གྲྭ་བཙུན་རྒྱ་ཆེན་དང་དད་ལྡན་མང་ཚོགས་ཀྱིས་རྒྱལ་གཅེས་ཆོས་གཅེས་དང་། སྡོམ་སྲུང་ཁྲིམས་སྲུང་། དད་བརྟན་སྤྱོད་བཟང་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ནས་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་དགོས་པའི་ནན་གསུང་གནང་བ་རེད།

     རྟོག་ཞིབ་གནང་བའི་ལམ་བར་དུ་ཝང་ཞའོ་ཧུའེ་ཡིས་རང་རེའི་ཞིང་ཆེན་དུ་དྲག་ཆར་བབས་ནས་ས་ཆ་ཁག་ཅིག་ལ་གནོད་འཚེ་ཕོག་པ་དང་ལྷག་པར་དུ་མན་དབྱང་གྲོང་ཁྱེར་ཕིང་ཝུའུ་རྫོང་དུ་ཆུ་ལོག་ཐོན་ནས་མི་སྣ་ཤི་རྨས་དང་མང་ཚོགས་བོར་བའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། ཁོང་གིས་མན་དབྱང་གྲོང་ཁྱེར་དང་ཞིང་ཆེན་ཐད་གཏོགས་སྡེ་ཚན་ལ་འཕྲལ་དུ་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་འབྲེལ་བ་ཆད་པ་དང་ཉེན་ཁའི་གནས་སུ་གྱར་བའི་མི་སྣ་འཚོལ་སྐྱོབ་ཡག་པོ་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བའི་འགན་ལེན་གང་ཐུབ་ཐུབ་བྱ་དགོས་པའི་བླང་བྱ་བཏོན་པ་རེད། ཁོང་གིས་ད་སྔར་ཆུ་རྒྱས་པའི་དུས་ཡིན་པས་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་དམག་འཐབ་རྒྱག་པའི་ངང་ཚུལ་རྒྱུན་འཁྱོངས་ནས་ཆར་ཆུ་འབབ་པའི་གནས་ཚུལ་གྱི་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱེད་པ་དང་། གནོད་འགོག་གནོད་སེལ་དང་གནོད་སྐྱོབ་ཀྱི་ལས་དོན་ཁག་ལ་དམ་འཛིན་ཞིབ་ཚགས་བྱེད་ཅིང་ཞོར་ཐོན་གནོད་འཚེ་ནན་འགོག་བྱས་ཏེ་ཆུ་འབྲུབ་དུས་ལས་ཉེན་མེད་ངང་བརྒལ་ཐུབ་པའི་འགན་ལེན་བྱ་དགོས་པའི་ནན་གསུང་གནང་བ་རེད།

    ཞིང་ཆེན་གྱི་མགོ་ཁྲིད་ཁྲེན་ཝུའེ་དང་ཅིན་ལེ་དང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་རྟོག་ཞིབ་ནང་ཞུགས་པ་རེད།།



  • ལེ་ཚན་སྔོན་མ།:རང་རེའི་ཞིང་ཆེན་གྱིས་མ་མཐའི་འཚོ་རྟེན་འགན་ལེན་བྱ་ཡུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྤྲད་རྒྱུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།