འབྲོང་།

        2022-07-15

ཁྱོད་ཀྱིས་མེ་ཏོག་དང་ལྗོན་པ་ཁྲ་ལེར་འཁྱིལ་བའི་རྩྭ་ཐང་ནི་ཁྱོད་ཀྱི་ཐོག་མའི་སྐྱེས་ས་དང་མཇུག་མའི་འཆི་ས་ཡིན་པར་གཏན་ནས་བསམ་བློ་བཏང་མྱོང་ཡོད་མི་སྲིད། མཐོ་སྒང་གི་རྩྭ་ཐང་ནི་ཤིན་ཏུ་མཛེས་སྡུག་ལྡན་པ་ཞིག་ཡིན་པས་མ་གཞི་ནས་ཁྱོད་ཀྱིས་མཛེས་སྡུག་ཁོ་ནར་ཉམས་སུ་མྱོང་སྟེ་སང་ཉིན་གྱི་འཚོ་བ་དང་སང་ཉིན་གྱི་འཆི་བ་བརྗེད་ཡོད་ངེས། དེ་ནི་ཆོས་ཉིད་ཅིག་རེད། གངས་དཀར་མོས་ཀྱང་ཁྱོད་ལྟར་བརྗེད་ཚར་ཡོད་ངེས་པས་དེ་ལ་མཚར་དགོས་དོན་ཅི་ཡང་མི་འདུག་ཨང་།

ཁ།

རྩྭ་ཐང་དུ་རྐང་ལག་རང་དབང་གིས་གང་སར་བརྐྱངས་ཏེ་འགྲེང་སྟེ་གནམ་ངོས་ཀྱི་སྐར་ཚོགས་ལ་ལྟ་བ་ནི་ཆེས་ཡིད་དུ་འོང་ཞིང་ལྟ་ན་སྡུག་པ་ཞིག་ཡིན་ཡང་ཆར་བ་ཤག་ཤག་ཏུ་འབབ་ཀྱིན་པའི་མཚན་མོ་དེར། གློག་སྐུད་ཤར་ནས་ནུབ་ཏུ་དྲངས་པའི་མཚན་མོ་དེ་ལ་ཁྱོད་ཀྱིས་ད་གཟོད་སང་ཉིན་གྱི་འཚོ་བ་དང་འཆི་བ་དྲན་ཏེ་ནམ་མཁའ་ལའང་སྐར་ཚོགས་ཤིག་བཀྲ་མི་འདུག་སྙམ་ངེས་མོད། སྤྲིན་དང་རྡུལ་གྱིས་བསྒྲིབས་པའི་ནམ་མཁའ་ཙམ་ལས་མ་མཐོང་བའི་ཁྱོད་ཀྱིས་དོ་ནུབ་ཀྱི་ནམ་མཁའ་ནི་སྐར་ཚོགས་མེད་པའི་ནམ་མཁའ་ཞིག་ཡིན་པར་རློམ་ཡོད།

འབྲོང་ངམ་རྩྭ་ཐང་གི་བདག་པོ། ཁྱོད་ཀྱིས་ལྟ་བས་ཆོག་མི་ཤེས་པའི་རྩྭ་ཐང་འདི་ཡང་ནམ་ཞིག་ལ་བྱེ་ཐང་དུ་གྱུར་ཏེ་ཁྱོད་ཀྱང་མགོ་བོ་གནམ་ལ་སྲིང་བའི་བྱེ་ཐང་གི་མགྲོན་པོ་ཞིག་ཏུ་འགྱུར་བ་ཡིད་དུ་ཡང་དྲན་མྱོང་མེད་ལ་དེ་ནི་སྔ་ཕྱི་ཙམ་ཞིག་ཡིན་པའང་རྩྭ་ཐང་གི་སྲོག་ཆགས་སུས་ཀྱང་རྟོགས་མེད།

ང་།

ཁྱོད་ཀྱིས་མཐོ་སྒང་གི་རྩྭ་ཐང་ལ་མཛེས་སྡུག་བསྐྲུན་ཅིང་རྩྭ་ཐང་གིས་ཁྱོད་ལ་འཚོ་བ་དང་སང་ཉིན་བྱིན་པས་ཡིན་འོས་ཏེ་རྩྭ་ཐང་དང་ཁྱོད་ཀྱི་བར་ལ་འབྲལ་ཐབས་མེད་པའི་བརྩེ་དུང་གི་ཞེན་ཆགས་ཤིག་སྐྱེས་ཡོད་ཅིང་། དེ་ཡིས་མཐོ་སྒང་ལ་འོད་སྣང་དང་འཛུམ་མདངས་ཁྱེར་ཡོད་ལ་ད་དུང་སང་ཉིན་དང་གནངས་ཉིན་ཡང་ཁྱེར་ཡོད། ཁྱོད་ནི་མཐོ་སྒང་གི་རྩྭ་ཐང་ལ་མེད་དུ་མི་རུང་ལ་རྩྭ་ཐང་ཡང་ཁྱོད་ལ་མེད་དུ་མི་འོས། མཐོ་སྒང་གི་རྩྭ་ཐང་དུ་ཁྱེད་ཉིད་བགྲེང་ན་མཐོ་སྒང་གི་རྩྭ་ཐང་ལ་གཟི་མདངས་ཀྱི་ཟེར་མ་འཕྲོ་ངེས་ཤིང་གཟིམ་དུ་མེད་པའི་དཔའ་ཉམས་ཀྱི་འཇའ་འོད་ཀྱང་འཚེར་ངེས། དེ་དག་ཁྱོད་ཀྱིས་ཤེས་སམ། རྩྭ་ཐང་གི་བདག་པོ། མཐོ་སྒང་གི་བླ་གཡུ།

ཅ།

འོན་ཀྱང་ད་ནི་ཡོད་ཚད་ཀྱི་ཡོད་ཚད་འཕྱི་དྲགས་ཚར་འདུག། འབྲོང་ཨང་བྲེ་སེར་གྱི་འབྲོང་། ཁྱོད་ཀྱིས་ཤེས་ཡོད་དམ། གནའ་མིས་ཚ་བརྒྱུད་ལ་བཞག་པའི་ལྗོན་པའི་རྩྭ་ཐང་ནི་ཐལ་དང་རྡུལ་གྱིས་བཀང་སྟེ་རླུང་བུ་ཤག་ཤག་རྒྱུ་བའི་བྱེ་ཐང་ཞིག་ཏུ་གྱུར་ཚར། ཁྱོད་ཀྱང་ལྷགས་རླུང་དང་ཐལ་རྡུལ་གྱི་གསེབ་ཏུ་མགོ་བོ་གནམ་དུ་བསྲིང་བའི་རྔ་མོང་ཞིག་དང་ཁྱད་ཅིག་ཡེ་ནས་མེད་པ་ཁྱོད་ཀྱིས་ཤེས་ཡོད་དམ། ཁྱོད་ཀྱིས་ཤེས་ཡོད་ཚོད་མེད། བརྗིད་ཅིང་འགྱིང་བའི་མཐོ་སྒང་གི་ལུས་སྲོག་གངས་རི་དང་རྫ་རི་བྲག་རི་དང་སྤང་རི་སོགས་ཀྱང་ཞི་ཞིང་ཞུད་ཅིང་ཁང་མིག་ལྟ་བུའི་སྒེའུ་ཁུང་མང་པོ་བུད་པས་སྔ་བཞིན་ནགས་དང་ལྗོན་པས་བཀང་བའི་སྲིབ་ནས་ཉིན་མི་མཐོང་བའི་ནགས་ཚལ་དེ་མི་འདུག་ཅིང་བྱ་རྒོད་ཀྱི་ཚང་དུ་འོས་པའི་བྲག་རི་དེའང་མི་འདུག སྔར་གྱི་བྲག་རི་དང་སྤང་རི་དག་ནི་གཅེར་བུར་ལུས་ཏེ་ཤར་ནས་ནུབ་རི་མཐོང་ལ་ལྷོ་ནས་བྱང་རི་མཐོང་བའི་ཚད་དུ་ཟད་དོ།།

སྨིན་སྨྱུག་ལག།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:སྙིང་རུས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།