སྙིང་རུས།

ཁ་བ་ན་རོ།        2022-07-13

སློབ་ཆུང་སློབ་མཐར་ཕྱིན་ལ་ཉེ་བའི་སྐབས་འདིར། དགེ་རྒན་གནམ་མཚོས་སློབ་ཆུང་གི་འཚོ་བར་སྤྱི་བསྡོམས་བྱེད་ཆེད་དུ། ང་ཚོ་སློབ་མ་རེ་རེའི་མི་ལོ་དྲུག་གི་རིང་ལ་བྱ་དགའ་ག་ཙམ་བླངས་པའི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་འདུག། སློབ་གྲོགས་གཡུ་སྒྲོན་དང་མཚོ་མོ། ཟླ་བ་སོགས་ལ་བྱ་དགའ་ཉི་ཤུ་རེ་ཐོབ་ཡོད། ཐ་ན་ཞ་སྨྱུག་གཅིག་ཀྱང་གཡར་མི་སྲིད་པའི་ངའི་གྲལ་མཚེས་ལྷ་མོ་ལའང་བྱ་དགའ་བཅུ་ལྷག་ཐོབ་ཡོད། ང་ལ་ད་བར་དུ་བྱ་དགའ་གཅིག་ཀྱང་ཐོབ་མ་མྱོང་། སྐབས་འདིར། ངས་སློབ་སྦྱོང་ལ་ཧུར་བརྩོན་མ་བྱས་པས་རང་ཉིད་ཀྱང་རང་ལ་ཡིད་མི་ཚིམ་པར་གྱུར་ལ། དགེ་རྒན་དང་ཕ་མ་ཡང་ང་ལ་ཡིད་ཚིམ་གྱིན་མི་འདུག། ངས་སློབ་སྦྱོང་ལ་ཧུར་བརྩོན་བྱེད་དུས་ཀྱི་སྤྲོ་བ་དེ་ཡང་བསྐྱར་ཉམས་སུ་མྱོང་མི་ནུས།

ཉིན་གུང་ལས་བྱ་བྲིས་ཚར་ཏེ་རྩེ་རུ་འགྲོ་བའི་སྐབས་སུ། དངོས་གནས་སྤྲོ་སྐྱིད་ཀྱིས་རབ་ཏུ་ཁེངས་འགྲོ་མོད། ད་ནི་ཕལ་ཆེར་ཟླ་གཅིག་ལ་རྩེ་རུ་མ་ཕྱིན་པ་དང་ཡོངས་སུ་མཚུངས། རྩལ་སྦྱོང་ར་བའི་ནང་དུ་ངའི་ལོ་རིམ་དྲུག་པའི་སྣང་བ་སྤྲིན་པ་དང་མཉམ་དུ་བརྒྱུ་བའི་སྐབས་སུ། རྣ་ལམ་དུ་ནམ་ཡང་རྒྱུན་ཆད་མེད་པའི་སྐད་ཆ་ཞིག་གིས་ང་ལ།“འདི་ལྟར་མུ་མཐུད་དེ་འགྲོ་མི་རུང་བར་འདུག། འདི་ལྟར་སོང་ན་གཏན་ནས་མི་འགྲིག་”ཟེར་གྱིན་འདུག།

ཕྱི་དྲོར། སློབ་གྲྭ་གྲོལ་ནས་ཡུལ་ལ་སོང་ན། ཨ་མ་ད་དུང་ཡུལ་ལ་ཐོན་མེད། ཅུང་ཙམ་འགོར་བ་ན། ཉི་མ་ནུབ་ནས་ས་ཡང་རུབ། ངས་སྒེའུ་ཁུང་བརྒྱུད་ནས་བལྟས་པ་ན། ཨ་མ་ནོར་ཁྱུའི་རྨིག་རྗེས་བརྒྱུད་ནས་རང་ཁྱིམ་དུ་སྐྱོད་ཀྱིན་པ་མཐོང་། མོ་ཧ་ཅང་ཐང་ཆད་ཡོད་ནའང་ཧ་ཅང་སྤྲོ་སྐྱིད་ཀྱིས་ཁེངས་འདུག། མོས་གོམ་སྟབས་ཆེན་པོ་མདུན་དུ་སྐྱོད་བཞིན་རང་ཁྱིམ་དུ་དགོང་ཟས་གྲ་སྒྲིག་བྱེད་པར་བྲེལ་སྟབས་ཀྱིས་སྐྱོད་ཀྱིན་འདུག། སྐབས་འདིར་ངས་འདི་ལྟར་སྙམ་སྟེ། ཨ་མ་སྐྱ་རེངས་དང་མཉམ་དུ་ནོར་རྫིར་ཆས་པ་ནས་བཟུང་ད་བར་དུ་སྡུག་ལས་མྱངས་པ་རེད། ཉིན་རེ་བཞིན་ལྟོགས་སྐོམ་སེལ་ཐབས་ཙམ་གྱི་བཟའ་བཏུང་ལས་རེག་གིན་མེད་པ་རེད། ངས་དེ་ལྟར་སྙམ་ནས་ཧ་ཅང་ངོ་གནོང་བའི་སྣང་བ་ཞིག་སྐྱེས་འོང་། ངས་ཉིན་གང་བོར་རྩེད་འཇོ་ལས་གཞན་ཅི་ཡང་བྱེད་ཀྱིན་མེད་པས། ང་ནི་རང་ལ་ཡིད་མི་ཚིམ། ཤིན་ཏུ་ཡིད་མི་ཚིམ། ཨ་མ་ཐུགས་དགྱེས་ཀྱིན་མེད་པའང་བལྟས་མ་ཐག་ཏུ་ཤེས་མོད། ཡིན་ནའང་། ཨ་མས་སྐད་ཆ་ཚིག་འགའ་བཤད་སྙིང་འདོད་ཀྱང་ཁ་རུ་ཕུད་མ་བྱུང་། མོས་ནམ་ཡང་ངས་རང་རྟོགས་ངང་བཅོས་བསྒྱུར་བྱས་ཡོང་བར་རེ་སྒུག་བྱེད་ཀྱིན་འདུག། སྙིང་ཉེ་བའི་ཨ་མ་ལགས། ཁྱོད་ཀྱིས་ཅི་འདྲའི་དཀའ་སྡུག་མྱོང་གིན་ཡོད་པ་རེད་ཨང་། ཁྱིམ་ནང་དུ་བཀོལ་སྤྱོད་བྱེད་པའི་ཅ་ལག་རེ་རེ་དང་། ངའི་བཟའ་བཏུང་དང་རྒྱན་གོས་ཡོད་ཚད། ང་ལ་སྤྲོ་བ་བསྐྱེད་པའི་རྩེད་ཆས་སོགས། ཐམས་ཅད་ཀྱང་ཨ་མའི་རྔུལ་ཁྲག་དང་བརྗེས་ནས་ཐོབ་པ་མ་རེད་དམ། ཡིན་ནའང་། ངས་ད་དུང་དོན་ཅི་ཡང་མེད་པ་ལྟར་ལས་ཅི་ཡང་སྒྲུབ་ཀྱིན་མེད་ལ། དོན་ཙག་ཙིག་གང་དང་ཅི་ལ་ཡང་ཨ་མས་སེམས་ཚེགས་དང་དཀའ་ངལ་མྱོང་གིན་ཡོད་པ་ལས། ངས་ནི་གཏན་ནས་ཧུར་བརྩོན་བྱ་ཤེས་ཀྱི་མེད། ད་ནི་མུ་མཐུད་དེ་འདི་ལྟར་འགྲོ་མི་རུང་། འདི་ལྟར་སོང་ན་གཏན་ནས་མི་འགྲིག། དེ་དག་གི་ང་ནི་དངོས་གནས་འུ་ཐུག་ཏུ་བཅུག་སོང་། སང་ཉིན་ནས་མགོ་བརྩམས་ཏེ། མ་རེད། དོ་ནུབ་ནས་མགོ་བརྩམས་ཏེ། ངས་ཀྱང་སློབ་སྦྱོང་ལ་འབད་བརྩོན་བྱ་རྒྱུ་ཡིན། ངར་ཤུགས་མི་ལྷོད་པར་གྲལ་མཚེས་དང་སློབ་གྲོགས་ཚོ་ལ་འཐབ་རྩོད་བྱ་རྒྱུ་ཡིན། ངས་སྙིང་སྟོབས་ཧུར་བསྐྱེད་སྒོས་ནུས་པ་ཡོད་ཚད་སློབ་སྦྱོང་གི་སྟེང་དུ་འབུལ་དགོས་ཨང་། འདི་ལྟར་བྱས་ན་ངས་གཞི་ནས་སློབ་གསེང་གི་རྩེད་འཇོ་ཡི་སྤྲོ་སྐྱིད་མྱོང་ཐུབ་ལ། འདི་ལྟར་བྱས་ན་ངས་གཞི་ནས་དགེ་རྒན་གྱི་འཛུམ་མདངས་མཐོང་ཐུབ་པར་མ་ཟད། ཨ་མས་བླུད་པའི་ཞིམ་མངར་གྱི་འོ་མ་དང་ངག་འཇམ་གྱི་ཚིག་ལའང་ཡང་བསྐྱར་རོལ་ཐུབ་བོ།།



  • ལེ་ཚན་སྔོན་མ།:བྱི་ལ་ནག་རིས་དང་བྱི་བ་སྤུན་གཉིས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།