རེ་བས་ཁེངས་པའི་ཞིང་ས་རུ།

ནོར་བུས་བསྒྱུར།        2022-07-12

རེ་བས་ཁེངས་པའི་ཞིང་ས་རུ།

   2021ལོའི་སྤྱི་ཟླ9པའི་ཚེས13ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲའན་ཞིས་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་སྨི་ཀྲེ་རྫོང་དབྱིན་ཀྲོའུ་ཁྲོམ་གཞུང་ཀའོ་ཞིས་ཀའུ་གྲོང་སྡེར་རྟོག་ཞིབ་གནང་བར་ཕེབས་པ་རེད། ལམ་བར་དུ་ས་ཞིང་ཞིག་བརྒྱུད་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་འཕྲལ་མར་རླངས་འཁོར་སྡོད་དུ་བཅུག་ནས་ཞིང་ནང་གི་འབྲས་དང་ཁྲེ། མ་རྨོས་ལོ་ཏོག་སོགས་ཀྱི་སྐྱེ་ཚུལ་ལ་གཟིགས་ཞིབ་གནང་བ་དང་། ཞིང་ནང་དུ་ལས་ཀ་བྱེད་བཞིན་པའི་ཡུལ་མི་རྣམས་དང་གླེང་མོལ་གནང་བ་རེད།


ཀའོ་ཞིས་ཀའུ་གྲོང་སྡེའི་གྲོང་མི་ཀའོ་ཀྲེ་ཀྲོའུ་ཡིས་ཞིང་ནང་དུ་རྩྭ་ལྡུམ་འཐུ་བཞིན་ཡོད་ལ།ཁོས་ཞིང་ནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ལ་མཇལ་རྒྱུ་བྱུང་བ་ནི་བསམ་ཡུལ་ལས་འདས་ཞེས་བཤད།


ཁྱོད་ཚང་གིས་ཞིང་ནང་ཅི་རྨོས་ཡོད། བྲེལ་བ་ཆེན་པོ་ཨེ་ཡིན་ཞེས་སྤྱི་ཁྱབ་ཧྲུའུ་ཅིས་བྱམས་བརྩེའི་ངང་བཀའ་འདྲི་གནང་བ་རེད། 

བྲེལ་བ་ཆེན་པོ་མ་ཡིན། ངེད་རྒན་རྒོན་གཉིས་མཉམ་དུ་ལས་ཀ་བྱེད་བཞིན་ཡོད་ཅེས་ཀའོ་ཀྲེ་ཀྲོའུ་ཡིས་བྲེལ་འཚུབ་ངང་དེ་ལྟར་བཤད།


ལོ་ཏོག་ལ་ཆུ་འདྲེན་ཐུབ་ཀྱི་ཨེ་རེད། ཞིང་ནང་དུ་སྲན་མ་སྣོལ་འདེབས་བྱས་ཡོད་དམ་ཞེས་སྤྱི་ཁྱབ་ཧྲུའུ་ཅིས་བཀའ་འདྲི་ཞིབ་ཕྲ་གནང་བར།


ད་ལོ་སྣོལ་འདེབས་བྱས་མེད། ཐན་པ་ཆེ་ནས་རྨོ་རྒྱུ་མ་རག་ཅེས་ཀའོ་ཀྲི་ཀྲོའུ་ཡིས་དེ་ལྟར་ལན་བཏབ།


ཀའོ་ཀྲི་ཀྲོའུ་ཡིས་སྐབས་དེ་དུས་ཀྱི་གནས་ཚུལ་དྲན་གསོ་བྱེད་སྐབས་མྱོང་ཚོར་ཟབ་མོའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོ་ཧྲའན་པེའི་ཡུལ་སྐད་གོ་ལ། ཞིང་པའི་འཚོ་བའང་ཡོད་ཚད་མཁྱེན་གྱི་འདུག་ཅེས་བཤད།


ཞོགས་པ་ཁུ་བ་དང་། ཉིན་གུང་སྦུན་མ། དགོང་མོ་ཕོར་པའི་ནང་ལ་ཟླ་བ་འཆར་ཞེས་པ་ལྟར། སྔོན་ཆད་སྨི་ཀྲི་རྫོང་གྲོང་མཁར་གྱི་བྱང་དུ་སྤྱི་ལེ20རྒྱང་བའི་སར་གནས་པའི་ཀའོ་ཞིས་ཀའུ་གྲོང་སྡེའི་ས་ཞིང་ཞན་པ་དང་ལོ་མང་པོར་ཐན་པ་བྱུང་བ་སོགས་ཀྱིས་གྲོང་སྡེའི་རྒན་གྲས་ཚོར་གསུས་པ་མི་རྒྱགས་པའི་དྲན་སྣང་ཡོད་པ་རེད།


ལོ་ངོ་བཅུ་ཕྲག་ཁ་ཤས་འདས་པའི་ལོ་ཟླའི་ནང་ཏང་གི་སྣེ་ཁྲིད་འོག་ཀའོ་ཞིས་ཀའུ་གྲོང་སྡེས་ས་ཆུ་བཅོས་སྐྱོང་དང་ལུང་ཤུར་ལ་སྔོ་ལྗང་གིས་མཛེས་རྒྱན་སྤྲས། ཡུལ་མི་ཚོས་ཀྱང་འཚོ་བ་ཡག་པོ་རོལ་ཐུབ་པར་བྱུང་ཡོད།


ད་ལྟའི་འཚོ་བའི་སྐོར་གླེང་སྐབས་ཡུལ་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་འཚོ་བ་ལེགས་སུ་ཕྱིན་ནས་ད་ལྟ་གྲོ་ཞིབ་དང་འབྲས། ཤ་ལ་སོགས་པ་བཟའ་རྒྱུ་ཡོད་ཅེས་ཞུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལྟ་གྲོ་ཞིབ་དཀར་པོ་དང་ཕག་ཤ་བཟའ་རྒྱུར་དགའ་མཁན་ཉུང་ངུར་སོང་ནས་འབྲུ་རིགས་སྣ་ལྔ་ཟ་རྒྱུར་དགའ་མཁན་མང་པོ་འདུག་ཅེས་གསུངས།


འགྱུར་ལྡོག་ཆེན་པོ་རེད་ཨ། ཡུལ་མི་ཚོས་ད་ལྟའི་འཚོ་བ་ཧ་ཅང་སྐྱིད་པོ་འདུག་ཅེས་སྤྱི་ཁྱབ་ཧྲུའུ་ཅིས་མྱོང་ཚོར་ཟབ་མོས་དེ་ལྟར་གསུངས།


སྟོན་དུས་ཀྱི་ནམ་ཟླར་ས་སེར་མཐོ་སྒང་དུ་སྔོ་ལྗང་གིས་ཁེངས་ཤིང་། གྲོང་མི་ཅིས་ཆིན་ཡེ་ཡིས་དྲན་གསོ་བྱེད་བཞིན་དུ་ཉིན་དེའི་ཕྱི་དྲོར་ཉི་མ་ཚ་བ་དང་། གྲོང་མི་ཚང་མས་རྩྭ་ཞྭ་གོན་འདུག། སྤྱི་ཁྱབ་ཧྲུའུ་ཅིས་རྩྭ་ཞྭ་མནབས་མེད་པར་ཉི་འོད་ཆེན་པོའི་འོག་ཏུ་བཞེངས་ནས་ཡུལ་མི་སྤུན་ཟླ་ཚོ་དང་གླེང་མོ་གནང་བ་དང་། སྐད་ཆའི་ཁྲོད་ནས་དོ་ཁུར་ཆེན་པོ་གནང་བ་མཚོན།


སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་མི་ཚོ་དང་ཧྲའན་པེའི་ཁྱད་ཆོས་ཟས་རིགས་སྐོར་གླེང་མོ་གནང་ཞིང་། ཁོང་གིས་ཁྲེ་སྲ་མོས་འབྲས་ཟན་བཟོས་པ་དང་། ཁྲེ་མཉེན་མོས་སྣུམ་ཟན་བཟོས་ཆོག་ཅེས་གསུངས།


སྤྱི་ཁྱབ་ཧྲུའུ་ཅིས་ལྗིད་ཏིག་ཏིག་གི་འབྲས་ཀྱི་སྙེ་མར་བཟུང་ནས་སྐྱེ་ཚུལ་ལ་གཟིགས་པ་དང་། སྐུ་འགྲམ་གྱི་མ་རྨོས་ལོ་ཏོག་གི་སྡོང་རྐང་ཐོག་ཏུ་མ་རྨོས་ལོ་ཏོག་བཏགས་པ་དེར་ཕྱག་བརྐྱངས་ནས་བཙིར་ཏེ་མ་རྨོས་ལོ་ཏོག་སྨིན་ཡོད་མེད་ལ་བལྟས་པ་རེད།


སྤྱི་ཁྱབ་ཧྲུའུ་ཅིས་ད་དུང་ང་ཚོ་སྨི་ཀྲེའི་འབྲས་ཆུང་ཧ་ཅང་ཡག་པོ་ཡོད་རེད། འབྲས་ཐུག་གི་སྟེང་ན་སྣུམ་འཁྱིལ་བཞིན་ཡོད་པ་ཅི་ཙམ་འཐུང་ནའང་ཚིམ་གྱི་མེད་ཅེས་གསུངས་བྱུང་ཞེས་ཅིས་ཆིན་ཡེ་ཡིས་དགའ་ཚོར་ཆེན་པོས་དེ་ལྟར་བཤད།


འབྲི་ཆུའི་ལྷོ་བྱང་རྒྱུད་དུ་ལོ་ལེགས་བྱུང་བའི་ཞིང་སའི་རྣམ་པས་མི་རྣམས་ཀྱི་ཡིད་དབང་འཕྲོག།


2018ལོའི་སྤྱི་ཟླ9པའི་ཚེས25ཉིན། ཧེ་ལུང་ཅང་ཞིང་ཆེན་ས་རྒོད་གསར་སྤེལ་འཛུགས་སྐྲུན་གཙང་གསུམ་དོ་དམ་ཅུས་སྐར་བདུན་ཞིང་རའི་མུའུ་ཁྲིར་ཟིན་པའི་ས་གཞི་ཆེན་མོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འབྲས་ཞིང་ནང་ཕེབས་ནས་འབྲས་རྡོག་དང་རྒྱུ་སྤུས་ལ་གཟིགས་ནས་ཀྲུང་གོ་བས་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་འཛིན་དགོས་པར་མ་ཟད། རང་ཉིད་ཀྱི་འབྲུ་རིགས་བླུག་དགོས་ཞེས་གསུངས།


2021ལོའི་སྤྱི་ཟླ5པར། ཧོ་ནན་ནན་དབྱང་ལ་རྟོག་ཞིབ་གནང་བའི་ལམ་བར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆེད་དུ་གྲོ་ཞིང་ནང་ཕེབས་ནས་གྲོའི་སྐྱེ་ཚུལ་ལ་གཟིགས་ཞིབ་གནང་ཞིང་། ལོ་ལེགས་ཡོང་རེ་ཡོད་པ་གཟིགས་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་དབྱར་འབྲུར་ལོ་ལེགས་བྱུང་ནས་ལོ་ཧྲིལ་པོའི་དཔལ་འབྱོར་རྨང་གཞི་འདིང་ཐུབ་སོང་ཞེས་གསུངས་པ་རེད།


2021ལོའི་སྤྱི་ཟླ10པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲན་ཏུང་ཞིང་ཆེན་ཏུང་དབྱིང་གྲོང་ཁྱེར་རྨ་ཆུའི་ཟུར་གསུམ་ཁུལ་གྱི་ཞིང་ལས་མཐོ་གསར་ལག་རྩལ་ཐོན་ལས་དཔེ་སྟོན་ཁུལ་དུ་རྟོག་ཞིབ་གནང་ཞིང་། སྐབས་དེར་སྲན་ཆེན་བསྡུ་བའི་དུས་ཚིགས་ཡིན་པས་སྤྱི་ཁྱབ་ཧྲུའུ་ཅིས་ཞིང་ནང་དུ་ཕེབས་ཏེ་རྐེད་པ་སྒུར་ནས་སྲན་རྡོག་གཅིག་བཏུས་ཏེ་ཞལ་ནས་ཞིབ་བལྡད་གནང་རྗེས་སྲན་མ་ཧ་ཅང་ཡག་པོ་སྐྱེས་འདུག་ཅེས་གསུངས།


2022ལོའི་སྤྱི་ཟླ6པའི་ཚེས8ཉིན། སི་ཁྲོན་ཞིང་ཆེན་མེ་ཧྲན་གྲོང་ཁྱེར་ཏུང་ཕོ་ཆུས་ཐའེ་ཧོ་གྲོང་རྡལ་ཡུང་ཧྥུང་གྲོང་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོད་ལྟའི་ཞིང་ཁར་ཕེབས་ནས་ཆུ་འབྲས་སྐྱེ་ཚུལ་ལ་གཟིགས་ཞིབ་གནང་།


མི་འབོར་དུང་ཕྱུར14ལྷག་ཙམ་གྱི་ལྟོ་ཕོར་གྱི་གནད་དོན་དེ་སྤྱི་ཁྱབ་ཧྲུའུ་ཅིས་དུས་དང་རྣམ་པ་ཀུན་ཏུ་ཐུགས་ལ་དགོངས་ཤིང་།ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས་ཞེས་གསུངས་པ་རེད།

  • ལེ་ཚན་སྔོན་མ།:ས་གནས་ཁག་གིས་འགོག་སྲུང་དམ་དུ་བཏང་ནས་རིམས་ནད་ལ་ཁ་གཏད་གཅོག་བཞིན་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།