ཁ་བ་ན་རོ། 2022-07-11
བརྗེད་མི་སྲིད་པ་ཞིག་ལ།
དགུན་མཇུག་དང་དཔྱིད་འགོའི་ཐོ་རེངས་རེ་རེར།
རླུང་བུ་འཇམ་པོ་ཞིག་གིས་སྐྱ་རེངས་བསུ་བཞིན་ཉིན་མོའི་ཡོལ་བ་ཕྱེས།
འཇམ་ཅག་གེར། ཁུ་སིམ་མེར།
བསྐལ་བ་ཡ་ཐོག་གི་དུས་སྐབས་དང་ཅི་འདྲའི་འདྲ་ཨང་།
ང་ནི་འོད་ལ་ཞེན་པའི་འབུ་མེ་ལྕེབས་བཞིན།
ཕ་ཡུལ་ལ་ཧ་ཅང་ཞེན་པས།
ཕ་ཡུལ་དང་ཡུལ་མིའི་ཕྱོགས་ལ་རྣ་བ་བླགས་ཤིང་།
རི་རབ་དང་ཆུ་བོའི་ཀློང་ལ་སེམས་པ་བསྲིངས་དུས།
ངའི་ཐ་སྙད་ཀྱི་ཉི་འོད་ཕ་ཡུལ་འཕྲོས་འོང་།
ང་རྒྱང་ནས་རྒྱང་དུ་བཞུད་ཐེངས་རེར།
འཆར་ཡན་གྱིས་བཏེགས་ཤིང་ཕངས་སེམས་ལ་ཐིམ་པའི་སེམས་འགྱུ་རེ་རེ།
རྨི་ལམ་གྱིས་སྒོམ་ཞིང་དངོས་ཡོད་ཀྱིས་གཙེས་པའི་འདས་དོན་རེ་རེ།
ཉི་ནུབ་ཀྱི་གོ་རིམ་བཞིན། ཆར་བ་ཡི་འབབ་རྒྱུན་ལྟར།
ངའི་སེམས་ཀྱི་རྩྭ་ཐང་ན་མེ་ཏོག་ལྟར་བཞད་ཡོད།
ང་ཕ་ཡུལ་དང་ཉེ་བར་བཅར་ཐེངས་རེར།
ང་ནི་ངན་ལང་དུ་ཤོར་བའི་བྱིས་པ་བཞིན་ཁྱོད་ཀྱི་པང་ནས་བསྡད་དེ།
བསམ་བློ་དང་ཐ་སྙད་ཀྱིས་དབུལ་བའི་སློང་མོ་བ་ལྟར།
སྟོང་ཤིག་ཤིག་གི་སེམས་པ་ཁྱོད་ལ་གཏད་ཅིང་།
གྲང་ཤུར་ཤུར་གྱི་ལག་ཟུང་ཁྱོད་ལ་སྲིང་བཞིན།
ངའི་སེམས་ཀྱི་གས་ཆག་ལ་ཁ་གསབ་དང་
འཚོ་བ་ལ་དངོས་གྲུབ་གནང་རོགས།
ངའི་ཉག་ཕྲ་བའི་ཐ་སྙད་རེ་ལ།
ཚིག་སྦྱོར་གྱི་ལོ་འདབ་གནང་རོགས།
ས་མཐའི་མུན་ཁམས་འགྲིམ་ནས་ཡིད་སེམས་བཅོམ་ཐེངས་རེར།
མེ་ལྟར་ཚ་བའི་དྲོད་ཁོལ་རེ་གནང་རོགས།
བརྩེ་ཞེན་གྱི་མ་ཡུམ་ལྟ་བུའི་ཕ་ཡུལ་ལགས།
ངས་མིག་ཟུང་དང་གོམ་པ་རྒྱང་ལ་ཕྱོགས་ཀྱང་།
བརྗེད་མི་ཐུབ་པ་ནི་ཁྱོད་ཀྱི་རྣམ་པ་སྟེ།
ཉིན་རེའི་ཐོ་རེངས་ཀྱི་སྐྱ་རེངས་དཀར་པོ་ལུས་ལ་ཕོག་ཐེངས་རེར།
དགོང་རེའི་ཨ་སྔོན་གྱི་ཁྲི་གདུགས་གཞོན་ནུ་ནུབ་མཚོར་ལྷུང་ཐེངས་རེར།
གཏན་ནས་གཏན་དུ་ཡིད་ཀྱི་མེ་ལོང་ནང་འཆར་ཡོང་།
རྩོམ་གསར། 10