གདུང་བའི་མགུར།

འབུམ་ལྷ་སྲས།        2022-07-04

སྣང་བའི་ནམ་མཁའ་འདི་ཉིད་བཞག་པ་ནས། །

སེམས་ཀྱི་རྒྱལ་ཁམས་ཞེས་པར་མིག་གིས་ཅེར། །

དེ་ནི་གདུང་བའི་ཉིན་མཚན་བརྩི་སྟངས་ཤིག །

ཡང་ན་དྲན་པའི་མགུར་མ་འཐེན་ཚུལ་ཡིན། །

ལམ་དང་ལམ་འཕྲང་བརྒྱུད་ནས་རྒྱང་དུ་ཆས། །

འོན་ཏེ་སེམས་ཀྱི་དར་དཀར་ཁྱེད་སར་འཐེན། །

སྨྲ་བའི་རི་མོ་སྟོང་དང་འབུམ་གྲངས་བརྩེགས། །

ཡིད་ཀྱི་གསང་བའི་གསང་བ་དེ་རུ་བསྡུས། །

བསྡུས་བརྗོད་གཏམ་དག་ཁྱེད་ཀྱིས་ཚོར་ན་བསམས། །

བདག་གི་ཕྱི་ནང་ཡང་ཡང་བཀླག་པར་རེ། །

སྟོན་མཚན་ཟླ་བ་གསལ་བའི་ཡུལ་མཐའ་རུ། །

སྤྱན་ཟུང་དལ་གྱིས་ཕྱེ་ནས་མཁའ་རུ་བལྟས། །

ཁྲུང་ཁྲུང་ལྷོ་རུ་འཕུར་བའི་ཚུལ་ཇི་བཞིན། །

གདུང་བ་འོད་བརྒྱའི་འཕྲོ་འདུ་ཆད་མེད་ཤར། །

ཆགས་སྡང་རྩི་ཤིང་བདོ་བ་བདག་ཉིད་ཀྱིས། །

ཞེན་པའི་མེ་ཕུང་རི་སྒང་ཀུན་ཏུ་སྦར། །

དྲན་པ་དུད་སྤྲིན་མཁའ་རུ་འཁྲིགས་པར་བྱས། །

གང་གི་མེ་ལོང་ཁྲོད་དུ་འཆར་ན་འདོད། །

མཁས་བརྒྱའི་སྨྲ་བའི་ངག་སྒོ་ཡངས་པོ་ལས། །

གཏིང་ཟབ་ནང་གི་འཇིག་རྟེན་བརྗོད་པར་ངལ། །

ཡུན་དུ་དེ་རུ་བལྟས་ཤིང་དངོས་གྲུབ་ཙམ། །

ཁྱེད་འཛུམ་དགོད་དང་སྐྱོ་སྡུག་རེས་མོར་དོད། །



  • ལེ་ཚན་སྔོན་མ།:ཁྱེད་ཅག་འདྲ་ཞིག་བྱུང་ན་བསམ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།